ཡེ་ཤེས་ཀྱིས་བསྒྱུར། 2017-09-19
ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གཏམ་གསར། ཟླ་བ9པའི་ཚེས6ཉིན་དམངས་སྲིད་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འཚོ་བའི་ཁ་གསབ་རོགས་དངུལ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་བདག་སྐྱོང་བྱེད་སའི་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་སྐོར་གྱི་སྲིད་ཇུས་རིགས་གཉིས་དོན་འཁྱོལ་བྱས་ཏེ་ཁ་གསབ་རོགས་དངུལ་གཞི་རྩའི་ཐོག་རྫོང་དང་ཆུས་སུ་ཁྱབ་ཡོད་ཅིང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི1031དང་དབང་པོ་སྐྱོན་ཅན་ཚབས་ཆེན་ཁྲི1073ལ་ཕན་པ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། དམངས་སྲིད་པུའུ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ《དམངས་སྲིད་པུའུ་གཞུང་ལས་ཐིང་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཐིང་གི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འཚོ་བའི་ཁ་གསབ་རོགས་དངུལ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་བདག་སྐྱོང་གི་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་ལམ་ལུགས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ》འགྲེམས་སྤེལ་བྱས་པ་རེད། བརྡ་ཁྱབ་ནང་ངོ་སྤྲོད་བྱས་དོན། འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པའི་ཚད་གཞི་ལྟར་ན། ཞིང་ཆེན22ཀྱིས་ཟླ་རེར་སྒོར50དང80སྤྲད་པ་དང་། ཞིང་ཆེན10ཡིས་ཟླ་རེར་སྒོར100ཡན་ཆད་སྤྲད་ཡོད། བདག་སྐྱོང་གི་ཁ་གསབ་རོགས་དངུལ་སྤྲད་པའི་ཚད་གཞི་ལྟར་ན། ཞིང་ཆེན18ཀྱིས་ཟླ་རེར་སྒོར50དང80བར་སྤྲད་པ་རེད། ཞིང་ཆེན14ཡིས་ཟླ་རེར་སྒོར100ཡན་ཆད་སྤྲད་པ་རེད། དེ་མིན་ཞིང་ཆེན11གིས་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་གཞི་ཁྱོན་དེ་གཏན་འཇགས་ཀྱི་ཡོང་འབབ་མེད་པ་དང་། མ་མཐའི་འཚོ་རྟེན་འགན་སྲུང་བྱེད་ཐུབ་མེད་པའི་ཁྱིམ་ཚང་། ཡོང་འབབ་དམའ་བའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པས་ལས་ཀ་བྱེད་ནུས་མེད་མཁན། ཁྱིམ་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་བ། བགྲེས་པོ་དང་དབང་པོ་སྐྱོན་ཅན་ཚང་མ་འཛོམས་པའི་ཁྱིམ་ཚང་། རྒན་གསོ་ལྟར་དབང་པོ་སྐྱོན་ཅན་གསོ་བ་བཅས་དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་ཁྱབ་ཐུབ་པ་བྱ་རྒྱུ་རེད། ཞིང་ཆེན5ཡིས་བློ་རིག་ཉམས་ཞན་དང་སྨྱོ་ནད་ཚབས་ཆེན་མིན་པའི་དབང་པོ་སྐྱོན་ཅན་དེ་དག་ཀྱང་བདག་སྐྱོང་གི་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་ཁྱབ་ཁོངས་སུ་གཞག་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10