ཡེ་མགོན་དང་ཀུན་དགས། 2017-09-05
སྤྱི་ཟླ9པའི་ཚེས5ཉིན། སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་དང་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དེ་ཁྲེང་ཏུའུ་ལ་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུ་ནི་སི་ཁྲོན་ཞིང་ཆེན་ཏང་གི་དུས་དེབ་ཁང་གི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་རེད།
པེ་ཅིང་དང་ལྷ་ས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནས་ཕེབས་པའི་ཚགས་པར་ཁང་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན། དྲྭ་ཚུགས་བཅས་ལས་ཁུངས་དྲུག་བཅུ་ཙམ་གྱི་མི་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད་པས་སྐབས་སྔོན་མ་དག་ལས་གཞི་རྒྱ་དང་ཁྱབ་ཁོངས་ཆེ་ཞིང་། ཚོགས་འདུར་ཞུགས་མཁན་གྱི་ལས་ཁུངས་དང་མི་གྲངས་ཆེས་མང་བའི་ཚོགས་འདུ་ཐེངས་ཤིག་ཡིན་པ་རེད།
ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་དང་། སི་ཁྲོན་ཏང་བདེ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་པ་ཀྲང་ཙེ་ཀང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། རྒྱལ་ཡོངས་བོད་སྐད་ཐ་སྙད་ཚད་ལྡན་ཅན་གྱི་ལས་ཀའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲུའུ་ཝེ་བཅས་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ་བ་དང་སི་ཁྲོན་ཏང་བདེ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་གིས་ཚོགས་འདུའི་གཙོ་སྐྱོང་གནང་བ་རེད།
ལི་ཀྲུའོ་ཡིས་ཤིས་ཚིག་ནང་གསུངས་དོན། གཅིག་ནི་བོད་ཡིག་འཕྲིན་སྦྱོར་གྱི་ལས་དོན་ནི་གལ་ཆེན་ལ་དམིགས་བསལ་ལྡན་པ་དང་། གཉིས་ནི་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་བོད་ཡིག་འཕྲིན་སྦྱོར་གྱི་དྲིལ་བསྒྲགས་ལས་ཀའི་བླ་སྲོག་ལྟ་བུ་ཡིན། གསུམ་ནི་གནས་བབ་གསར་པའི་འོག་བོད་ཡིག་འཕྲིན་སྦྱོར་ལ་བསམ་ཕྱོགས་གསར་པ་དང་བྱེད་སྟངས་གསར་པ། ཐབས་ལམ་གསར་པ་བཅས་ཡོད་དགོས། བཞི་ནི་ལས་གཞི་ཡིས་འདེགས་སྐྱོར་བྱེད་ཡས་བྱས་ནས་བོད་ཁུལ་གྱི་འཕྲིན་སྦྱོར་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་དེ་བས་ཡག་པོ་གཏང་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གསུམ་རིང་ལ་ཚོགས་ཞུགས་ལས་ཁུངས་སོ་སོས་ཉེ་བའི་ལོ་གཅིག་རིང་གི་ཕུལ་བྱུང་གསར་འགྱུར་དང་དཔྱད་རྩོམ་དཔྱད་འདེམས། ཐ་སྙད་གསར་པ་གཅིག་འགྱུར་བྱ་རྒྱུ་ཡིན་པ་དང་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་སོགས་འཚོགས་ནས་བོད་སྐད་འཕྲིན་སྦྱོར་ལས་རིགས་ཐུན་མོང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད། གཞན་ད་དུང་ཁྲེང་ཏུའུ་ཕྱོགས་ཀྱི་བོད་ཀྱི་རིག་གནས་རྟེན་གཞི་ཁག་ཅིག་ལ་ཡུལ་དངོས་སུ་བཅར་འདྲི་ཞུ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10