ལི་ཅིན་གྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-08-22

ཟླ་བ8པའི་ཚེས14ནས་ཚེས16ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ལི་ཅིན་གྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།  ལི་ཅིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་ནང་བཞིན་རང་རེའི་ཞིང་ཆེན་བོད་ཁུལ་གྱི་རྒྱུན་སྲིང་བརྟན་བརླིང་ལ་ཁག་ཐེག་བྱས་ནས་ཤུགས་ཆེན་པོས་བོད་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་གཏོང་ཞིང་།  དགོན་པ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་བརྒྱབ་སྟེ་བོད་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུས་དགོས་ཞེས་ནན་གསུང་གནང་བ་རེད།

རྔ་བ་ཁུལ་འཛམ་ཐང་རྫོང་དུ་ལི་ཅིན་དང་བཅས་པས་ས་ཤོར་ཞིང་པའི་ལས་གཏོད་ལྡུམ་ཁུལ་དང་ལྷ་རྩེ་ཆོས་རྫོང་ཇོ་མོ་བཀོད་འཇོག་ས་ཚུགས་སོགས་ལ་གཟིགས་ཞིབ་གནང་སྐབས་ཁོང་གིས་མན་དབྱང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྲུན་བྱས་པའི་ལས་ཀར་ཁས་ལེན་གང་ལེགས་གནང་ཞིང་།  ཁོང་གིས་གསུངས་དོན། མང་ཚོགས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུ་ནི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་དོན་ཆེན་དང་པོ་ཡིན་པས། ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་ཤུགས་ཆེན་པོ་རྒྱག་ཅིང་། འདུ་ཤེས་བསྒྱུར་བ་དང་བྱ་ཐབས་གསར་སྐྲུན་བྱས་ཏེ་ཡུལ་དེ་གའི་མང་ཚོགས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱ་དགོས།

དཀར་མཛེས་ཁུལ་གྱི་གསེར་ཐར་རྫོང་དུ་ལི་ཅིན་གྱིས་དགོན་པ་ཁྲིམས་ལྟར་དོ་དམ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས་གྲྭ་བཙུན་རྣམས་ལ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཡང་དག་པ་སྲུང་དགོས་ཤིང་། དགོན་པའི་སྤྱི་པའི་ཞབས་འདེགས་ལས་ཀར་ཤུགས་བརྒྱག་པ་དང་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ལྷོ་ཁ་ནས་གནམ་རྡོ་ཞིག་གསར་དུ་རྙེད་པ།
  • ལེ་ཚན་རྗེས་མ།:ལྷ་སར་ཞོ་སྟོན་གྱི་སྣང་ཚུལ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།