ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བདུན་པར་ཞུགས།

        2017-07-27


ལི་ཁེ་ཆང་དང་།ལིའུ་ཡུན་ཧྲན།ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ7ཚེས19ཉིན་གློག་འཕྲིན་འབྱོར་གསལ། ཟླ7ཚེས19ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བདུན་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ས་ཁུལ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནས་འགོ་བརྩམས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། དངོས་སྒྲུབ་བྱེད་མཁས་པ། དངོས་ཐོག་བདེན་འཚོལ། འབད་འབུངས་ཧུར་ལེན་བཅས་བྱས་ཏེ་སྒྱུར་བཅོས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག《སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ནས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《རྒྱལ་ཁབ་ཀྱི་ལག་རྩལ་གཞན་སྒྱུར་མ་ལག་འཛུགས་སྐྲུན་གྱི་ཇུས་གཞི》《སྤྱི་པའི་རིག་གནས་སྒྲིག་གཞིའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》《ཀྲུང་ཕྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《གདན་ཞུ་བསྐོ་གཞག་ལམ་ལུགས་ཀྱི་གཞུང་ལས་པའི་དོ་དམ་གཏན་འབེབས(ཚོད་ལྟའི་ལག་བསྟར)》《ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་སྤུས་ཚད་ཀྱི་བདེ་འཇགས་ཉེན་ཁའི་སྔོན་ཚུད་ཀྱི་ཉེན་བརྡ་དང་ཚོར་སྣང་སྐྱེན་པའི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུའི་སྐོར་གྱི་བསམ་འཆར》《དཔྱད་འཇོག་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་སྨན་རྫས་དང་སྨན་བཅོས་ཡོ་བྱད་གསར་གཏོད་ལ་སྐུལ་ལྕག་བྱེད་རྒྱུའི་སྐོར་གྱི་བསམ་འཆར》《རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་འཛུགས་རྒྱུའི་སྤྱིའི་ཇུས་གཞི》《གཅིག་གྱུར་གྱི་ཁྲིམས་འཛིན་གསལ་འབྱེད་དོ་དམ་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ད་དུང་ཚོགས་འདུའི་ཐོག《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ》དང《སྤྱི་ཚོགས་འགན་ལེན་ལམ་ལུགས་ཀྱི་སྒྱུར་བཅོས་ལྟ་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཚོད་ལྟ་་་གལ་ཆེན་རབ་དང་རིམ་པ་བྱས་པས་འདྲ་བཟོ་ཆོག་ལ་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་འཚོལ་ཞིབ་ཐུབ་པ་དང་འབྲེལ་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་ཀྱི་དཔེ་སྟོན་དང་། ཚད་བརྒལ། སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད། ཚོད་ལྟའི་ལས་དོན་ལ་རིགས་དབྱེའི་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚོད་ལྟའི་ལས་འགན་ལེགས་གྲུབ་ཟིན་པའི་ས་ཁུལ་གྱིས་ཁྱོན་ཡོངས་ལ་མགྱོགས་མྱུར་ཁྱབ་གདལ་གཏོང་བ་དང་། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ས་ཁུལ་གྱིས་དུས་ཐོག་ཏུ་ཕྱོགས་སྡོམ་ཁྱབ་གདལ་གཏོང་བ། འཕེལ་རིམ་འགོར་བ་དང་དོ་དམ་ཚད་ལྡན་མ་བྱུང་བའི་ས་ཁུལ་གྱིས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།ཕྱོགས་བསྡུས་ལེ་ལག་རང་བཞིན་ཆེ་བའི་ས་ཁུལ་གྱིས་མ་ལག་འདུས་གྲུབ་ལ་དོ་སྣང་བྱེད་པ། ལག་ལེན་ནང་ར་འཕྲོད་ནུས་ལྡན་ཐུབ་པའི་ས་ཁུལ་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་གྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་སྒྱུར་བཅོས་སྣེ་ཁྲིད་སྡེ་ཚན་གྱིས་བཏོན་ཟིན་པའི་སྒྱུར་བཅོས་ལ་ལྟ་ཞིབ་བྱེད་རྒྱུ་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འབྲེལ་ཡོད་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། དེ་བས་དྲང་གཞག་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་ལེན་ལམ་ལུགས་འཛུགས་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྒན་གསོ་དང་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་ཁག་གི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད།  གོམ་སྟབས་རྗེས་མར་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས་དག་ཐེར་ཡག་པོ་བྱས་ཏེ་ལམ་ལུགས་ཁྱབ་ཁྱོན་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁེ་དབང་འགན་ལེན་དེ་བས་ལེགས་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

 ཚོགས་འདུའི་ཐོག་ས་གནས་ཀྱིས་སྒྱུར་བཅོས་ལ་དམ་འཛིན་བྱེད་པར་གནས་བབ་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་པ་གང་ཞིག་ཏུ་སྒྱུར་བཅོས་ལ་སྐུལ་འདེད་དང་ལས་དོན་སྒྲུབ་སྐབས་ཚང་མར་ཁྱོན་ཡོངས་ནས་ཇུས་འགོད་བྱེད་པ་དང་། འཕེལ་ཕྱོགས་ཆེན་པོའི་ཁྲོད་སྐུལ་འདེད་གཏོང་བ། དོན་ཆེན་ཐད་ཏན་ཏིག་བྱེད་་པ་བཅས་བྱེད་དགོས། ས་གནས་ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ས་གནས་སྒྱུར་བཅོས་ཀྱི་སྣེ་ཁྲིད་པ་ཡག་པོ་བྱེད་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་ཇུས་གཞི་ལག་བསྟར་བྱེད་པའི་ཐད་གོང་རིམ་ལ་འབྲེལ་གཏུག་དང་གཤམ་འོག་དང་འབྲེལ་འདྲིས་ཡག་པོ་བྱས་ཏེ་དམིགས་ཚད་ཁག་ལག་ལེན་དུ་འཁྱོལ་ཐུབ་པ་དང་བྱ་ཐབས་ལག་བསྟར་དངོས་སྒྲུབ་སྤྱོད་་གོ་ཆོད་པ་བྱས་ཏེ་འགན་ཁུར་ཚེ་ལས་དོན་ཧུར་ཐག་སྒྲུབ་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་འཐབ་རྩལ་ལ་མཐོང་ཆེན་དང་བྱེད་ལུགས་བྱེད་སྟངས་ལ་དོ་སྣང་བྱས་ཏེ་གཅིག་འཐུས་ཚང་བྱུང་ཚེ་དེར་སྐུལ་འདེད་གཏོང་བ་དང་བྱ་བ་གཅིག་དང་དོན་དག་གཅིག་སྒྲུབ་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ཐད་མང་ཚོགས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། འགག་རྩ་བྱ་བ་ག་ཚོད་སྒྲུབ་པ་དང་གནད་དོན་དངོས་ག་ཚོད་ཐག་གཅོད་ཐུབ་མིན་ལ་བལྟས་ནས་མང་ཚོགས་ཀྱིས་ཡང་སྙིང་ཁས་ལེན་བྱེད་མིན་དང་བློ་ཡིད་ཚིམ་མིན་ལ་བལྟ་དགོས། ལས་ཕྱོད་ལ་དོ་སྣང་དང་། མྱུར་ཚད་ནི་ལས་ཕྱོད་། བྱ་ཐབས་འགྲིག་པ་ནི་ལས་ཕྱོད། ནོར་འཛོལ་ཉུང་དུ་གཏོང་རྒྱུ་ཡང་ལས་ཕྱོད་ཡིན་པ་བཅས་མཐའ་འཁྱོངས་བྱེད་དགོས། རྗེས་སུ་ལུས་པའི་ལས་དོན་ལ་ལས་ཡུན་ལྡོག་སྒྲིག་བྱས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་དགོས་པ་དང་འབྲེལ་དཀའ་ཚེགས་ཅུང་ཆེ་བའི་སྒྱུར་བཅོས་ཁག་གཅིག་ལ་འགན་ཁུར་བློ་མཐུན་གཙོ་བོ་ངོ་མས་སྐུལ་འདེད་བཏང་སྟེ་འཕེལ་རིམ་ལ་རྗེས་སྙེག་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས། འབད་འབུངས་ཧུར་ལེན་མཐའ་འཁྱོངས་ཀྱིས་གནམ་འོག་སྐྱེ་བོ་ཀུན་གྱི་མདུན་དུ་སྐྱོད་ཕོད་པའི་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྒྱུར་བཅོས་ཁྲོད་ཀྱི་འགལ་རྐྱེན་སེལ་ཕོད་པ་བྱས་ཏེ་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས་པ།
  • ལེ་ཚན་རྗེས་མ།:པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ།
  • དོ་སྣང་ཆེ་བའི་རྩོམ།