ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2017-07-21
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་བྱས་ཏེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་བདུན་པ་བསྡུས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་། ཁོས་ས་ཁུལ་སོ་སོས་བསམ་བློ་དང་སྦྱོར་བ་ཏང་ཀྲུང་དབྱང་གི་བཅོས་སྒྱུར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ནས་བཅོས་སྒྱུར་སྤེལ་བ་དང་། ཁག་ཁུར་བྱེད་ཕོད་པ་དང་། དངོས་སྒྲུབ་ལ་མཁས་པ། དངོས་ཐོག་བདེན་འཚོལ། ཡར་བརྩོན་ལྷོད་མེད་བཅས་བྱས་ཏེ་བཅོས་སྒྱུར་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱས་ཏེ་ཞིང་ལས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་དང་། རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་མ་ལག་འཛུགས་སྐྲུན་གྱི་ཇུས་གཞི། སྤྱི་ཐུན་རིག་གནས་ལས་ཁུངས་ཀྱི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞིའི་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི། ཀྲུང་ཕྱིའི་མི་ཚུལ་བརྗེ་རེས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་རབས་དང་རིམ་པ། གདན་ཞུ་ལམ་ལུགས་ཀྱི་སྤྱི་ཞབས་པའི་དོ་དམ་ཆོད་དོན་ཚོད་ལྟའི་ལག་བསྟར། ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཉེན་ཁའི་སྔོན་བརྡ་དང་འཕྲལ་བསྟུན་ལྟ་རྟོག་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བསམ་འཆར། ཞིབ་དཔྱད་ཞིབ་མཆན་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་སྨན་རྫས་སྨན་བཅོས་ཡོ་བྱད་ཀྱི་གསར་སྐྲུན་ལ་སྐུལ་མ་གཏོང་བའི་སྐོར་གྱི་བསམ་འཆར། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་པའི་སྤྱིའི་ཇུས་གཞི། ཁྲིམས་འཛིན་དཔྱད་ཞིབ་དོ་དམ་སྒྲིག་སྲོལ་འཐུས་ཚང་དང་གཅིག་གྱུར་བྱེད་པའི་ལག་བསྟར་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་བཅོས་སྒྱུར་ཚོད་ལྟའི་བྱ་བའི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་བཅོས་སྒྱུར་ལྟ་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10