2015-06-04
ཉེ་ཆར། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་སྐུ་ཞབས་རམས་ཚེ་བྷོ་ལགས་ནས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་མཐུན་རྐྱེན་དང་རྒྱབ་སྐྱོར་གང་ལེགས་གནང་བའི་རོང་འབྲོག་མང་ཚོགས་ལ་ཉེ་བར་མཁོ་བའི་བཅའ་ཁྲིམས་ཤེས་བྱའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུ་དེ་བསིལ་གྲོང་བརྙན་གཟིགས་གསོལ་ཁང་ཆེན་མོ་རུ་བསྡུས་ཤིང་། ཚོགས་ཐོག་ཏུ་དཔེ་ཚོགས་ལ་མཐུན་རྐྱེན་སྦྱོར་མཁན་མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་མགོ་གཙོ་གསར་རྙིང་གཉིས་དང་། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་ལས་བྱེད་པ་ཡོངས། དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་གནང་མཁན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་ལས་བཟོ་བ། དཔེ་དེབ་རྩོམ་བསྒྱུར་བྱེད་མཁན་གྱི་ལོ་ཙཱ་བ་ལྷན་རྒྱས། དེ་མིན་ད་དུང་ཟི་ལིང་ན་ཡོད་པའི་བོད་ཀྱི་གསར་ལམ་དང་ཚགས་ཤོག དུས་དེབ་ཁག་གི་ལས་བྱེད་པ་བཅས་མཉམ་དུ་འཛོམས་ནས། དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་ལ་རྟེན་འབྲེལ་ཞུ་ཞོར་བཞུགས་མོལ་ཚོགས་འདུ་བསྡུས།
བཅའ་ཁྲིམས་ཤེས་བྱའི་དཔེ་ཚོགས་འདི་ནི་2013ལོར་དངོས་སུ་སྒྲུབ་མགོ་བརྩམས་པ་དང་། དཔེ་ཚོགས་འདིར་ཁྱོན་བསྡོམས་དཔེ་ཆ་སྣ་ཁ་བཅུ་ཡོད་ལ། དེ་དག་ནི་རིམ་བཞིན་《རྩ་ཁྲིམས་རྒྱུན་མཁོ་རིག་པའི་ཉིང་བཅུད།》དང་། 《རང་སྐྱོང་བཅའ་ཁྲིམས་གསེར་གྱི་ཐིགས་པ།》 《ཉེས་ཁྲིམས་ཤེས་བྱ་འོད་ཀྱི་ཟེགས་མ།》 《དམངས་ཁྲིམས་ཁེ་དབང་སྲུང་བའི་གོ་ཆ།》 《གཉེན་སྒྲིག་བཅའ་ཁྲིམས་འོ་མའི་མར་ལོ།》《བདེ་འཇགས་དོ་དམ་ཕན་བདེ་བདུད་རྩི།》《ཁོར་ཡུག་སྲུང་སྐྱོང་ཁྲིམས་ཀྱི་རང་སྒྲ།》《འགན་སྲུང་བཅའ་ཁྲིམས་སྐྱབས་ཀྱི་འདུན་མ།》《ན་ཆུང་ཁྲིམས་ལུགས་རིག་པའི་དགའ་ཚལ།》《ཞིང་འབྲོག་ཁེ་དབང་སྲུང་བའི་ལམ་སྟོན།》བཅས་ཡོད། དེ་ལ་ཁྱོན་བསྡོམས་ཡིག་འབྲུ་ས་ཡ་1དང་འབུམ་5ལ་ཉེ་བ་ཡོད་པ་དང་། བཅའ་ཁྲིམས་གཙོ་བོ་10དང་འབྲེལ་ཡོད་ཁྲིམས་ལུགས་20ལྷག་དཔེ་ཚོགས་འདིའི་ཁོངས་སུ་བསྡུས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10