ཀྲུང་གོའི་བོད་སྐད་རླུང་འཕྲིན། 2015-06-05
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་རྒྱུས་ཐོག་ཐ་མག་ལ་བཀག་སྡོམ་ཆེས་དམ་པའི་བཀག་རྒྱར་གྲགས་པའི་པེ་ཅིན་གྲོང་ཁྱེར་གྱི་ཐ་མག་འཐེན་པར་ཚོད་འཛིན་བྱེད་པའི་སྲོལ་ཡིག་ནི་སྤྱི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱས་ཡོད་པ་དང་། མི་མང་འདུ་འཛོམས་བྱ་ཡུལ་དང་ལས་དོན་སྒྲུབ་ཡུལ། སྤྱི་པའི་འགྲིམ་འགྲུལ་ཡོ་ཆས། བུ་བཅོལ་ཁང་། སློབ་གྲྭ་ ཆུང་འབྲིང་ཁག དེ་བཞིན་རིག་དངོས་སྲུང་སྐྱོང་ལྟེ་གནས། ལུས་རྩལ་ར་བ། བྱིས་པའི་སྨན་ཁང་སོགས་ཚུད་པའི་ཁང་པའི་ཕྱི་རོལ་གྱི་ཁྱབ་ཁོངས་སུའང་ཐ་མག་འཐེན་མི་ཆོག་པ་གཏན་འབེབས་བྱས་ཡོད། དེ་སྔོན་པེ་ཅིན་གྲོང་ཁྱེར་གྱི་འཕྲོད་བསྟེན་ལྟ་སྐུལ་སོའི་སོ་ཀྲང་གཞོན་པ་ཝང་པེན་ཅིན་གྱིས་ངོ་སྤྲོད་གནང་བར། པེ་ཅིན་གྲོང་ཁྱེར་གྱི་ཐ་མག་འཐེན་པར་ཚོད་འཛིན་བྱེད་པའི་སྲོལ་ཡིག་ལག་བསྟར་བྱས་པའི་ཟླ་བ་གསུམ་གྱི་ནང་གཅིག་བསྡུས་ཀྱིས་ཁྲིམས་འཛིན་ལག་བསྟར་བྱ་རྒྱུ་ཡིན་ལ། སྲོལ་ཡིག་དང་འགལ་བའི་མི་སྒེར་ལ་མཐོ་ཤོས་སྒོར་མོ་ཉིས་བརྒྱ་ཡན་གྱི་ཆད་པ་དང་། ལས་ཁུངས་ལ་སྒོར་ཁྲི་གཅིག་གི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྟན་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་། པེ་ཅིན་གྱི་རྒྱལ་ས་རྒྱལ་སྤྱིའི་གནམ་ཐང་ནས་མཁའ་འགྲུལ་འབབ་ཚིགས་གསུམ་དུ་སྔར་ཡོད་ཀྱི་ཐ་མག་འཐེན་ས་སྒོ་རྒྱག་རྒྱུ་ཡིན་པ་མ་ཟད། གསང་སྤྱོད་དུ་དུ་བ་འཚོལ་བཤེར་བྱེད་ཆས་དང་སྐས་འཛེགས་སར་གློག་མིག་སོགས་བཀོད་སྒྲིག་བྱས་ནས། ཐ་མག་འཐེན་ས་དེ་ཡང་མཁའ་འགྲུལ་འབབ་ཚིགས་ཀྱི་ཕྱི་རོལ་ཏུ་འཇོག་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི་མི་མང་འདུ་འཛོམས་ཁུལ་དང་ས་ཚིགས་དྲུག་བརྒྱ་ལྷག་ཏུ་ཐོག་མེད་ཐ་མག་འཐེན་ས་བཀོད་སྒྲིག་བྱས་ནས། མི་མང་འདུ་འཛོམ་བྱ་ཡུལ་དང་འགྲུལ་པ་སོགས་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་དང་གཡོལ་གང་ཐུབ་བྱ་རྒྱུ་རེད། ས་འོག་མེ་འཁོར་གྱི་འབབ་ཚིགས་དང་འཁོར་སྒམ་ནང་ཐ་མག་འཐེན་མི་ཆོག་ཅིང་། འབབ་ཚིགས་ཀྱི་འཛུལ་ས་དང་། སྒུག་ས། གསང་སྤྱོད་སོགས་ཀྱི་མངོན་གསལ་དོད་སར་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་འཁོད་རྒྱུ་རེད། ཟ་ཁང་དང་ཡུལ་ལྗོངས་ཁུལ་སོགས་སུ་ཐ་མག་ལ་ཚོད་འཛིན་བྱེད་པའི་ལྟ་བཤེར་མི་སྣ་བཀོད་སྒྲིག་བྱས་ཏེ། གང་མོས་བྱས་ནས་ཐ་མག་འཐེན་པའི་འགྲུལ་པ་རྣམས་ལ་ལྟ་སྐུལ་བྱ་རྒྱུ་རེད།
སྤྱི་ཟླ5བའི་ཚེས31ཉིན་ནི་འཛམ་གླིང་ཐ་མག་མེད་པའི་ཉིན་མོ་ཡིན་པ་དང་། པེ་ཅིན་གྲོང་ཁྱེར་གྱི་ཐ་མག་ལ་ཚོད་འཛིན་བྱེད་པའི་ཁྲིམས་འཛུགས་ནང་འདོན་པའི་འགོ་ཁྲིད་ནུས་པར་གཟེངས་བསྟོད་འབུལ་ཆེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་པེ་ཅིན་གྲོང་ཁྱེར་ལ་འཛམ་གླིང་ཐ་མག་མེད་པའི་ཉིན་མོའི་དམིགས་བསལ་བྱ་དགའ་སྤྲད་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10