2017-06-16
འགྲེམ་སྟོན་གྱི་ཡུལ་དངོས་སུ་ལྟད་མོ་བ་མང་པོ་ཞུགས་པ་དང་གཟི་ཚ་སྡེ་དགུ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་གྱི་གོ་སྐབས་དང་བསྟུན་ནས་རྣམ་གྲངས་5མཉམ་ཞུགས་བྱས་ཤིང་། སྙན་འཇེབས་ལྡན་པའི་པི་ཝང་དཀྲོལ་བ་དང་གནའ་ཉམས་ལྡན་ཞིང་ངོ་མཚར་ཆེ་བའི་བྲོ་གར་འཁྲབ་པ། སྟངས་སྟབས་ཀྱིས་ཕྱུག་པའི་རྩྭ་སྒྲོན་ཞབས་བྲོ་འཁྲབ་པ་སོགས་ཀྱིས་ཡུལ་སྐོར་བ་དུ་མའི་མིག་དབང་ཅིག་ཅར་དུ་འཕྲོག
ཝུན་ཀྲོའུ་ནས་ཡོང་པའི་རུས་ལིའུ་ཅན་གྱི་བུད་མེད་དེས་འགྲེམ་སྟོན་ཡུལ་དངོས་སུ་ཁ་པར་གྱིས་བརྙན་ལེན་ཞོར་དེ་རིང་མིག་རྒྱ་བསྐྱེད་བྱུང་། མཛེས་ལྗོངས་ཁུལ་དུ་མ་སོང་བའི་སྔོན་དུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་མང་པོ་མཐོང་བྱུང་། ངས་འདི་ལ་དོན་སྙིང་གལ་ཆེན་ཡོད་པར་འདོད་ལ། དགའ་ཞེན་ཡང་ཆེན་པོ་ཡོད་ཅེས་ཟེར།འགྲེམ་སྟོན་གྱི་ཡུལ་དངོས་སུ། འགུལ་རྣམ་གྱི་འཁྲབ་སྟོན་ལས་གཞན་ལྷིང་འཇགས་རྣམ་པའི་འགྲེམ་སྟོན་ཡང་ཡོད་ལ། བྱམས་པའི་རིག་གནས་དང་བོད་དམག་གི་ཚེམ་དྲུབ། ནན་ཕིང་གི་པི་ཝང་བཟོ་རྩལ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་མང་པོ་བཤམས་པ་དང་། ཚེམ་དྲུབ་ལས་མཆོག་ཏུ་གྱུར་པའི་བཟོ་རྩལ་གྱི་རྣམ་པ་མངོན་ཐུབ།
གཟི་ཚ་སྡེ་དགུ་རྫོང་གི་ཀུའོ་ཡོན་གྲོང་ཚོའི་དམངས་ཁྲོད་སྒྱུ་རྩལ་པ་ཀྲའོ་ཡུང་ཕིང་གིས་བོད་དམག་གི་ཚེམ་དྲུབ་ཀྱི་རྒྱུད་རིམ་ལྟད་མོ་བའི་མིག་ལམ་དུ་བཤམས་ཤིང་འདི་ནི་བོད་དམག་གི་ཚེམ་དྲུབ་རེད། ཚང་མ་ལག་བཟོ་བྱས་པ་རེད། འདི་ནི་མེས་པོ་ཚོས་ང་ཚོ་ལ་གནང་པའི་ཅ་ལག་རྩ་ཆེན་ཞིག་རེད། ངས་ད་ལྟ་དྲུབ་བཞིན་པ་འདི་ནི་ང་ཚོ་བོད་དམག་བའི་གྱོན་གོས་རེད། ཡག་པོ་ཨེ་འདུག་ཅེས་སྐུ་མགྲོན་དག་ལ་དྲིས།མཛེས་ལྗོངས་ཁུལ་དུ་རིག་གནས་འགྲེམ་སྟོན་བྱས་པ་ལས་གཞན་གཟི་ཚ་སྡེ་དགུ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སློབ་གླིང་དང་གནའ་གྲོང་དུ་བསྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ་བ་རེད། དུས་མཚུངས་སུ། སྤྱི་ཟླ་6པའི་ཚེས་10ནས་18བར། རྫོང་དེས་དོམ་ཁྲའི་སྐོར་བྲོ་(དོམ་བྲོ།)དང་བྲོ་འབག་བཟོ་བའི་ལག་རྩལ། གཟི་ཚ་སྡེ་དགུའི་བྱམས་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་རྩ་འཛུགས་བྱས་ནས་སྐབས་དྲུག་པའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་དུས་ཆེན་དུ་ཞུགས་པ་རེད།
རྒྱུས་ལོན་བྱུང་བར་ལྟར་ན། མིག་སྔའི་བར། གཟི་ཚ་སྡེ་དགུ་རྫོང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་4དང་ཞིང་ཆེན་རིམ་པའི་རྣམ་གྲངས་4 ཁུལ་རིམ་པའི་རྣམ་གྲངས་28དང་རྫོང་རིམ་པའི་རྣམ་གྲངས་44བཅས་བདེ་ལེགས་ངང་ཡར་ཞུ་བྱས་ཟིན་པ་དང་། གཙོ་བོ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་དང་དམངས་ཁྲོད་རོལ་དབྱངས། དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་སོགས་ཀྱི་མངའ་ཁོངས་སུ་གཏོགས། དེ་དང་མཉམ་དུ། མངོན་མིན་རིག་གནས་ཤུལ་བཞག་འདི་དག་བདེ་བླག་ངང་ཡར་ཞུ་ཐུབ་པ་དེས། ས་གནས་དེའི་དམངས་སྲོལ་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་མངོན་འགྱུར་བྱེད་པ། རིག་གནས་དར་བའི་རྫོང་དུ་གྱུར་པ་དང་ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་བར་རྨང་གཞི་བརྟན་པོ་བཏིངས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10