དབྱི་ལི་ཡིས་གཙོ་འགན་བཞེས་ཏེ་ཞིང་ཆེན་གྱི་དར་མདོའི་ཟླ་བ11པའི་ཚེས22ཉིན་གྱི་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་སྐྱར་འཛུགས་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-06-13

ཟླ་བ6པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེང་ཏུའུ་རུ་ཞིང་ཆེན་གྱི་དར་མདོའི་ཟླ་བ11པའི་ཚེས22ཉིན་གྱི་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་གཙོ་འགན་བཞེས་ནས་འཚོགས་ཤིང་། གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་སྐུལ་འདེད་གཏོང་ཚུལ་ལ་གསན་འཇོག་གནང་བས་མ་ཚད་ཕྱིན་ཆད་ཀྱི་གཙོ་གནད་ལས་ཀ་བཀོད་སྒྲིག་མཛད་པ་རེད།

ད་ལོའི་ཟླ་བ5པའི་ཟླ་མཇུག་ལ་སླེབས་དུས་དར་མདོའི་ཟླ་བ11པའི་ཚེས22ཉིན་ས་འགུལ་རིམ་པ6.3བྱུང་རྗེས་ཉམས་གསོ་བསྐྱར་འཛུགས་ལས་གཞི392ཁྱོན་ཡོངས་ནས་ལས་འགོ་ཚུགས་པའི་ནང་ནས་ལས་གཞི313ལེགས་འགྲུབ་བྱུང་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར33.4བཏང་བས་མ་དངུལ་འཇོག་པའི་བསྡོམས་འབོར་གྱི་བརྒྱ་ཆ81.7བཟུང་། གྲོང་རྡལ་དང་གྲོང་སྡེའི་དུད་ཚང3027གྱི་སྡོད་ཁང་བསྐྱར་འཛུགས་དང་དུད་ཚང་26683ཡི་སྡོད་ཁང་ཉམས་གསོ་སྲ་བརྟན་བྱ་རྒྱུའི་ལས་འགན་ཁྱོན་ཡོངས་ནས་གྲུབ་པར་བརྟེན།  ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།  

དབྱི་ལི་ཡིས་ནན་གསུང་གནང་དོན། ད་ལོ་ནི་བསྐྱར་འཛུགས་ལས་ཀའི་རྟིང་མའི་ལོ་ཡིན་པས་ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་ས་ཁུལ་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོས་སྔར་ལྷག་གིས་འགན་འཁྲི་ཁུར་སེམས་དང་དགོས་གཏུག་ཆེ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཀྲུང་དབྱང་གི་བླང་བྱ་ལྟར་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་བ་དང་སྔ་བས་ཕན་འབྲས་མཐོ་དང་དངོས་གཉེར་དངོས་སྒྲུབ་བྱས་ནས་ལས་ཀ་སྤེལ་དགོས། ནུས་ཤུགས་ཡོད་རྒུས་ལོ་གསུམ་ནང་གྲུབ་རྒྱུའི་བསྐྱར་འཛུགས་དམིགས་འབེན་མངོན་འགྱུར་བྱུང་བར་འགན་ལེན་བྱ་དགོས། བསྐྱར་འཛུགས་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་དེ་གལ་ཆེའི་དམངས་འཚོ་ལས་གཞི་ལ་བརྩིས་ནས་དམ་འཛིན་དངོས་སྒྲུབ་ཡག་པོ་བྱ་དགོས།  སྔར་ལྷག་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་དང་གནོད་སྐྱོན་ཐེབས་ཡུལ་གྱི་སྤྱི་པའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏང་དགོས། བསྐྱར་འཛུགས་ལས་གཞིའི་སྤུས་ཀ་འགན་སྲུང་བྱས་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་དེ་མང་ཚོགས་ཀྱི་བློར་བབ་པ་དང་དུས་ཚོད་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེགས་ཀྱི་ལས་གཞི་བསྐྲུན་དགོས། བསྐྱར་འཛུགས་ཀྱི་དྲིན་དྲན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་གནོད་སྐྱོན་ཐེབས་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་རང་རྟོགས་ཀྱིས་དྲིན་དྲན་འབད་འཐབ་བྱེད་པར་ཁྲིད་སྟོན་བྱེད་པ། ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དེས་ས་འགུལ་གནོད་སྐྱོན་ཐེབས་ཡུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བ་བྱ་རྒྱུར་བསྒྱུར་དགོས།  དབྱི་ལི་ཡིས་དར་མདོ་ས་འགུལ་གནོད་སྐྱོན་ཐེབས་ཡུལ་གྱིས་ཝུན་ཁྲོན་གྱི་ས་འགུལ་དང་ལུའུ་ཧྲན་ས་འགུལ་གནོད་སྐྱོན་ཐེབས་ཡུལ་གྱི་བསྐྱར་འཛུགས་ཉམས་མྱོང་ལ་དཔྱད་གཞིར་འཛིན་པ་དང་རང་ཡུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རྗེས་མཐུད་ཀྱི་དར་རྒྱས་གོང་འཕེལ་ཡོང་བར་ཕུགས་རིང་ཇུས་འགོད་བྱ་དགོས་པའི་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཏང་སྲིད་རྟོག་ཞིབ་ཚོགས་པ་ཁྲིད་ནས་ཀོང་ཀྲོའུ་དང་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་འབྲེལ་མཐུད་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།