ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཏང་སྲིད་རྟོག་ཞིབ་ཚོགས་པ་ཁྲིད་ནས་ཀོང་ཀྲོའུ་དང་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་འབྲེལ་མཐུད་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2017-06-13

ཟླ་བ6པའི་ཚེས5ནས7ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཏང་སྲིད་རྟོག་ཞིབ་ཚོགས་པ་སྣེ་ཁྲིད་དེ་ཀོང་ཀྲོའུ་དང་ཧྲེང་ཀྲེན་། ཏུང་ཝན་སོགས་ས་གནས་སུ་ཕྱིན་ཏེ་ཀོང་ཏུང་ཞིང་ཆེན་གྱི་ས་གནས་དེ་གསུམ་གྱིས་ཡུན་རིང་པོར་རང་ཁུལ་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། དཀར་མཛེས་ཁུལ་དང་ཀོང་ཏུང་ཞིང་ཆེན་གྱི་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྲོང་ཁྱེར་གསུམ་གྱིས་ཀྲུང་དབྱང་གི་བླང་བྱ་ལྟར་སྔར་ལྷག་གིས་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་དར་རྒྱས་ཆེ་བའི་གྲོང་ཁྱེར་དེ་གསུམ་གྱི་ཚོང་རའི་ལེགས་ཆ། ལག་རྩལ་གྱི་ལེགས་ཆ། ཤེས་ལྡན་མི་སྣའི་ལེགས་ཆ་སོགས་ཟུང་འབྲེལ་ཡང་དག་པ་བྱས་ནས་གཉིས་ཕན་མཉམ་ཁེ་ཡོང་བ་བྱས་པ་རེད།

ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀོང་ཀྲོའུ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་རེན་ཞའོ་ཧྥུང་དང་ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲེང་ཀྲེན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཀྲུང་། ཏུང་ཝན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ལིའང་ཝའེ་ཏུང་བཅས་རྣམ་པས་ཀོང་ཀྲོའུ་དང་ཧྲེང་ཀྲེན།  ཏུང་ཝན་བཅས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ནས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པར་དགའ་བསུ་ཞུས་པ་རེད།

རེན་ཞུའོ་ཧྥུང་གིས་ཀོང་ཀྲོའུ་གྱིས་དཀར་མཛེས་ཁུལ་དང་སྔར་ལྷག་གིས་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྱད་པར་དུ་ཡུལ་སྐོར་དང་ཞིང་ལས་ཀྱི་ཡུལ་ཐོན་ཁྱད་རྫས། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་དུ་ཁ་གཏད་རོགས་སྐྱོར་ལས་ཀར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས།

ཝང་ཝེ་ཀྲུང་གིས་ཧྲེང་ཀྲེན་གྱི་གནས་ཚུལ་ངོ་སྤྲོད་བྱས་པས་མ་ཚད། ད་དུང་ས་གནས་གཉིས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་སྔ་ལས་ལྷག་པར་ཞིང་ལས་ཐོན་རྫས་དང་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ལག་གདང་སྦྲེལ་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱས་རྗེས་བཞག་དགོས་ཞེས་གསུངས།

ལིའང་ཝེ་ཏུང་གིས་ཏུང་ཝན་གྲོང་ཁྱེར་གྱིས་སྔར་ལྷག་གིས་མཉམ་ལས་ནང་དོན་ཇེ་ཟབ་ཏུ་གཏོང་ཞིང་ཕན་ཚུན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཐོན་ལས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་གནས་གཉིས་ཀྱི་ལས་བྱེད་པ་གནས་སྦྱར་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་་ནས་ཐུན་མོང་དུ་ས་གནས་གཉིས་འཕེལ་རྒྱས་ཇེ་མགྱོགས་ཡོང་བར་སྐུལ་འདེད་གཏོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱིས་ཁ་གཏད་རོགས་སྐྱོར་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་གྲོང་ཁྱེར་གསུམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཉམས་མྱོང་དང་ལས་སྟངས་ལ་སློབ་སྦྱོང་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ཀོང་ཀྲོའུ་དང་ཧྲེང་ཀྲེན། ཏུང་ཝན་སོགས་ཀྱིས་རང་ཉིད་ཀྱི་ཚོང་ར་དང་ལག་རྩལ། ཐོན་ཁུངས། ཤེས་ལྡན་མི་སྣ། དོ་དམ་སོགས་ཀྱི་ཐད་ཀྱི་ལེགས་ཆ་དང་རང་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་ཟུང་འབྲེལ་དམ་ཟབ་བྱས་ནས་གཙོ་གནད་ཡུལ་སྐོར་དང་ཞིང་ལས་ཡུལ་ཐོན་ཁྱད་རྫས་གསར་སྦོལ། ཤེས་ལྡན་མི་སྣ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་སྤེལ་རེས་བྱས་ནས་ཐུན་མོང་དུ་ཕྱོགས་གཉིས་ཀའི་དཔལ་འབྱོར་སྤྱི་ཚོགས་དང་འཕེལ་རྒྱས་ལ་བྱས་རྗེས་འབུལ་དགོས་ཞེས་ཐུགས་རེ་གནང་བ་རེད།

ཏང་སྲིད་རྟོགས་ཞིབ་ཚོགས་པས་ད་དུང་སྔོན་རྗེས་སུ་ཏུང་ཝན་གྱི་བརྒྱ་ཆ་བརྒྱ་དངོས་ལས་ཚོགས་པའི་ཧན་ལི་ནིའུ་ཧང་དང་ཧྲེང་ཀྲེན་ཧའེ་ཅེ་ཞིན་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཟོག་འགྲེམས་གླིང་།ཧྲེང་ཀྲེན་ཧྭ་ཝེ་སྤྱི་ཁྱབ་པུའུ། ཧྲེང་ཀྲེན་པི་ཡ་ཏི་སྤྱི་གཉེར་ཁང་གི་གློག་འཁོར་རྟེན་གཞིའི་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། ད་དུང་ཀོང་ཀྲོའུ་ལིན་ནན་རྒྱལ་སྤྱིའི་ཁེ་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་།  ཀོང་ཀྲོའུ་སའེ་ཐེ་ཁོར་ཡུག་སྲུང་སྐྱོང་ལས་གཞི་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་མི་སྣ་དང་མཇལ་འཕྲད་གནང་བ་རེད།  ས་གནས་གང་དུ་སླེབས་དུས་རྟོག་ཞིབ་ཚོགས་པའི་གྲུབ་མིས་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་བྱས་ཏེ་མཉམ་ལས་སྤེལ་རེས་བྱས་པ་དང་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཁེ་ལས་ཀྱི་གཉེར་ལུགས་གཉེར་ཚུལ་དང་འཕེལ་རྒྱས་གཏོང་ཚུལ་ལ་ཆ་རྒྱུས་ཞིབ་མོ་ལོན་པ་རེད།

ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁེ་ལས་ཚང་མ་རང་ཁུལ་དུ་ལྟ་སྐོར་ལས་སྤེལ་ཡོང་བར་དགའ་སྤྲོ་ཆེན་པོ་ཡོད་ཅེས་གསུངས་པ་དང་ཁེ་ལས་སོ་སོས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ཁུལ་གྱི་ཡུལ་སྐོར་དང་ཕྱུགས་འབྲོག་ལས་།ཟོག་འདྲེན། གྲོང་ཁུལ་དོ་དམ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་ཞུགས་རྒྱུའི་ཐུགས་རེ་གནང་བ་རེད།། 


  • ལེ་ཚན་སྔོན་མ།:བོད་ལྗོངས་ལྷ་ས་ནས་དུས་སྔ་མའི་བྲག་བརྐོས་སྐུ་བརྙན་ཁག་ཅིག་རྙེད་པ།
  • ལེ་ཚན་རྗེས་མ།:དབྱི་ལི་ཡིས་གཙོ་འགན་བཞེས་ཏེ་ཞིང་ཆེན་གྱི་དར་མདོའི་ཟླ་བ11པའི་ཚེས22ཉིན་གྱི་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་སྐྱར་འཛུགས་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།