བོད་ལྗོངས་ཀྱིས་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
བོད་ལྗོངས་འཕྲིན་དྲ། 2015-05-29
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོ་མགྱོགས་པོ་དང་ཁྱོན་ཡོངས་ནས་གོང་འཕེལ་ཕྱིན་པ་དང་བསྟུན་ནས། རང་ལྗོངས་ཀྱིས་བུ་བཅོལ་ཁང་གི་དགེ་རྒན་གསོ་སྐྱོང་བྱེད་པའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བ་དང་། ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ལྗོངས་ཕྱི་ནང་གི་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ཐོག་ནས་བུ་བཅོལ་ཁང་གི་དགེ་རྒན་གསོ་སྐྱོང་བྱས་ནས། བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་རེད།
ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོར་རིན་མེད་སྲིད་ཇུས་ལག་བསྟར་བྱས་ཏེ་ལྟ་སྐྱོང་དང་སློབ་གསོའི་གྲོན་དངུལ་དང་འགྲིམ་འགྲུལ་གྲོན་དངུལ། དེ་མིན་གྲོན་དངུལ་སོགས་རྩ་ཆག་བཏང་བ་དང་ཆབས་ཅིག་རང་ལྗོངས་ནས་རིན་མེད་ངང་བྱིས་པའི་དཔེ་དེབ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་བུ་བཅོལ་ཁང་གི་སློབ་གསོའི་གཞུང་བཙུགས་བུ་བཅོལ་ཁང་དང་དམངས་བཙུགས་བུ་བཅོལ་ཁང་གིས་ཁག་སོ་སོར་རིན་མེད་དང་གྲངས་བཅད་རིན་མེད་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ལོ་རེར་སློབ་མ་རེར་ཆ་སྙོམས་རིན་མེད་ཚད་གཞི་སྒོར3600ཡིན་པ། ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བའི་ཁ་གསབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་གསོའི་རོགས་དངུལ་གྱི་སྲིད་ཇུས་ཁྱབ་ཚད95%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བུ་བཅོལ་ཁང་གི་རིན་མེད་སྲིད་ཇུས་ཁྱབ་ཚད100%ཟིན་གྱི་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་བུ་བཅོལ་ཁང་གི་སློབ་གསོའི་ཐད་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཙོ་བོར་བྱེད་པའི་སྐད་གཉིས་ཀྱི་སློབ་གསོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད། འགན་ཁུར་བ་དེས། གོམ་སྟབས་རྗེས་མར་མུ་མཐུད་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་བུ་བཅོལ་ཁང་གི་སློབ་གསོའི་ཐོན་ཁུངས་མང་དུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་བྱིས་པ་སློབ་གྲྭར་ཞུགས་ཁག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཁག་པའི་གནད་དོན་སེལ་རྒྱུ་དང་། སྐད་གཉིས་སློབ་ཁྲིད་ལ་ཤུགས་སྣོན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་རེད་ཅེས་བཤད་པ་རེད། །