ཟླ5པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དཔལ་ཡུལ་རྫོང་ལ་ཕེབས་ནས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁོངས་མི་དང་ཁོ་རིམ་པའི་ལས་བྱེད་པ་རྣམས་ལ་ཁག་བགོས་ནས་ཁ་བརྡ་བྱས་པ་རེད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྱོགས་མྱུར་དུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་འཐབ་ཇུས་བཀོད་སྒྲིག་ལྟར།སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྱོང་དང་། ཐོན་ལས་ལ་བརྟེན་ནས་རྫོང་སྟོབས་ལྡན། ཞིང་འབྲོག་ལ་བརྟེན་ནས་རྫོང་བརྟན་བརླིང་། ཚན་སློབ་ལ་བརྟེན་ནས་རྫོང་དར་རྒྱས། ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་པོ། ཁྲིམས་ལུགས་ལ་བརྟེན་ནས་རྫོང་སྐྱོང་བ་བཅས་དྲུག་ལྡན་རྫོང་འཕེལ་རྒྱས་གཏང་རྒྱུའི་འཐབ་ཇུས་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲ་བརྟན་གཅིག རྟེན་གཞི་གཉིས། ཁྱད་ཆོས་གསུམ། རྨང་གཞི་བཞི། མཐོ་སྤར་ལྔ་ཡི12345ཡི་སྤྱི་ཚོགས་དཔལ་དང་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་འཐུས་སྒོ་ཚང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཆུ་གློག་དང་གཏེར་ཁ་ལ་བརྟེན་ནས་རྫོང་སྟོབས་ལྡན་གཏང་བ་དང་། བོད་ཀྱི་ལག་ཤེས་བཟོ་ལས་གྱི་ཕ་ཡུལ། ཁམས་པའི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི། འབྲི་ཆུའི་འགྲམ་གྱི་སྐྱེ་ཁམས་རིག་གནས་ལྗོངས་བྱེད་སའི་མུ་ཏིག་ལྟ་བུའི་རྫོང་ཞིག་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས།
ཁོང་གིས་བླང་བྱ་བསྟན་དོན། འཕེལ་རྒྱས་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་དཔལ་ཡུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་བ་ལ་སྐུལ་འདེད་གཏང་དགོས། མ་དངུལ་འཇོག་པར་གཙོ་གནད་དུ་བཟུང་ནས་རྣམ་གྲངས་འཛུགས་སྐྲུན་ཐོག་ཤུགས་སྣོན་བརྒྱག་དགོས། མ་དངུལ་འཇོག་པའི་ལས་དོན་དེ་དཔལ་འབྱོར་ལས་དོན་གྱི་ཨང་དང་པོར་འཇོག་དགོས། རྨང་གཞི་དམ་འཛིན་བྱ་དགོས། རྨང་གཞིའི་སྒྲིག་ཆས་ཐད་ཤུགས་སྣོན་བརྒྱག་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་རྒྱུ་ནི་གནད་དོན་ཐག་གཅོད་བྱེད་སའི་རྩ་བའི་ཐབས་ལམ་ཞིག་ཡིན་པས་དེ་རྒྱུན་འཁྱོངས་བྱ་དགོས། མ་དངུལ་ཡོད་ཚད་ཕྱོགས་བསྡོམས་དང་། ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་འཐུང་ཆུ་དང་གློག ལམ། བརྡ་འཕྲིན། སློབ་གསོ། འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་ཆས་བཅས་འཛུགས་བསྐྲུན་བྱ་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་སོགས་ཚོགས་འདུར་ཞུགས།
དཔལ་ཡུལ་རྫོང་གི་ཧྲུའུ་ཅི་ཁང་ཀོང་ཡའོ་ཡིས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱ་རྒྱུའི་ཐད་ལ་གཏམ་བཤད་བྱས་པ་རེད།