འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྒྲུང་ཐུང་དེབ《ལོ་དེའི་དགུན་ཁ》འགྲེམ་སྤེལ།
ཉེ་ལམ། དེང་རབས་བོད་ཀྱི་ན་གཞོན་སྙན་ངག་པ་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་དུངས་བརྗོད་སྒྲུང་ཐུང་དེབ《ལོ་དེའི་དགུན་ཁ》ཞེས་པ་དེ་རང་གྲོན་གྱིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།རྒྱུས་ལོན་བྱུང་བ་ལྟར་ན། སྒྲུང་གཏམ་ཕྱོགས་བསྒྲིགས་དེབ་འདིའི་ནང་དུ་རྩོམ་པ་པོ་ཁོང་གིས་གསར་རྩོམ་གནང་བའི་དུངས་བརྗོད་སྒྲུང་ཐུང《ལོ་དེའི་དགུན་ཁ》དང《རྟ་ཕོ་སྒ་ཐོག》《རྗེས་སུ》《མིའི་རི་མོ་ནང་ན་ཡོད》《ང་ལ་མཚན་མོ་སླེབས་བྱུང》《ཁུ་སིམ་མེའི་འདང་བརྩེ》《བཞུད་པའི་ལོ་ཟླ》《དགུན་ཉི་ལྡོག》བཅས་བརྩམས་ཆོས་བརྒྱད་བསྡུས་ཡོད་པ་དང་། བརྩམས་ཆོས་དེ་དག་ཀྱང་སྔ་རྗེས་སུ《སྦྲང་ཆར》དང《ལྷོ་ཁ་རྩོམ་རིག་སྒྱུ་རྩལ》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་བཀོད་མྱོང་བར་མ་ཟད། རྒྱ་ཆེ་བའི་ཀློག་མཁན་དག་གི་ཁྲོད་དུ་ཚད་མཐོའི་གདེང་འཇོག་དང་ཤུགས་རྐྱེན་ཟབ་མོར་བཞག་ཡོད།རྩོམ་པ་པོས་བཤད་པ་ལྟར་ན། སྒྲུང་ཐུང་འདི་དག་ནི་ཁོའི་སྙན་དེབ《ཆང་དང་སྙན་ངག་གི་མཚན་མོ》དང《བཞད་འཕྱི་བའི་མེ་ཏོག》གི་རྗེས་སུ་པར་སྐྲུན་བྱས་པའི་རྩོམ་དེབ་གསུམ་པ་ཡིན་ཞིང་། སྙན་ངག་གསར་རྩོམ་གྱི་ཞོར་དུ་སྒྲུང་གཏམ་ལ་ཚོད་ལྟའི་ཚུལ་དུ་བྲིས་པ་ཡིན་མོད། དེ་དག་གང་དང་གང་ཡིན་རུང་རང་གི་སེམས་ཀྱི་བརྩེ་གདུང་དང་ལུས་ཀྱི་རྔུལ་ཁྲག་འདྲེས་ཡོད་པས། གཅེས་པའི་བུ་ཆུང་རེ་རེའི་ཟོལ་གྱིས་སེམས་ཀྱི་མར་ལོ་དང་སྙིང་གི་ཚི་ལུར་ངོས་བཟུང་ཟིན་སྐད།