སྤྱི་ཁྱབ་ཧྲུའུ་ཅིས་སི་ཁྲོན་བོད་ཁུལ་གྱི་རིགས་ཁག་མང་ཚོགས་ལ་ཐུགས་ཁུར་གནང་།

ལྷ་འཛོམས་ཀྱིས་བསྒྱུར།    མི་དམངས་དྲ་བ།    2017-03-14

ང་རང་ལོ20ལ་དམངས་ཆེན་འཐུས་མི་བྱས་པ་ཡིན། དེ་རིང་ནི་ཆེས་བརྗེད་པ་དཀའ་བ་དང་ཆེས་དགའ་སྤྲོ་ཆེ་བའི་ཉིན་ཞིག་རེད། མི་དམངས་ཚོགས་ཁང་ཆེན་པོ་ནས་ཕྱིར་ཐོན་རྗེས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་འགོ་གཙོ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་གིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་ནས་འདི་ལྟར་བཤད།

      ཟླ་བ3པའི་ཚེས8ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་ནང་ཕེབས་ནས་གྲོས་བསྡུར་ནང་ཞུགས་སྐབས་རྒྱལ་བསྟན་བློ་བཟང་བྱམས་པ་ནི་གཏམ་བཤད་བྱེད་མཁན་ཞིག་ཡིན་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ལ་སི་ཁྲོན་བོད་ཁུལ་ནས་ཡོང་བའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ལོ་འདི་ཤས་རིང་ལ་སི་ཁྲོན་བོད་ཁུལ་དུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སི་ཁྲོན་བོད་ཁུལ་དུ་ལོ་གསུམ་གྱི་འགྲིམ་འགྲུལ་འགག་སྒྲོལ་ཆེན་པོ་བྱས་ནས་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེར་སྤྲད་ཡོད་ཅིང་། རྫོང་དང་ཤང་གི་གཞུང་ལམ་ཡང་ཨར་འདམ་ལམ་དང་སྣུམ་ནག་ལམ་བླུགས་ཚར་ཞིང་། གཡག་རྔ་ནས་དར་མདོའི་བར་དང་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་བཞིན་ཡོད། དར་མདོ་གནམ་གྲུ་ཐང་དང་ཉི་སྟེན་གནམ་གྲུ་ཐང་ལས་ཚར་ཞིང་དཀར་མཛེས་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་བཞིན་ཡོད། ད་ལྟར་མི་སེར་ཚོས་གང་ལ་འགྲོ་ན་ལམ་བུ་སྟབས་ཇེ་བདེར་ཡོང་བ་རེད་ཅེས་སྙན་སེང་ཞུ་བ་རེད།

      འགྲིམ་འགྲུལ་གྱི་འགྱུར་ལྡོག་ཆེན་པོ་ཞུས་ཚར་རྗེས་ཁོང་གིས་མུ་མཐུད་ནས་གཏམ་བཟང་སྤྱི་ཁྱབ་ཧྲུའུ་ཅི་ལ་བཤད་པ་རེད། སི་ཁྲོན་དཀར་མཛེས་ཁུལ་གྱི་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲྭ་སྦྲེལ་བ་དང་ཁྲོན་བོད་གློག་ཤུགས་དྲྭ་སྦྲེལ་གྲུབ་རྗེས་སི་ཁྲོན་བོད་ཁུལ་དུ་གློག་སྤྱད་རྒྱུ་མེད་པའི་གྲོང་སྡེ་དང་དུད་ཚང་གཅིག་ཀྱང་མེད། མྱུར་བགྲོད་གཞུང་ལམ་དང་གནམ་གྲུ་ཐང་། གློག་དྲྭ་སྦྲེལ་བ་སོགས་ལ་གྲོན་སོང་ཆེན་པོ་ཡིན་པས། ཀྲུང་དབྱང་གིས་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་བར་བརྟེན་མི་སེར་ཚོའི་སེམས་སུ་བདེ་དྲོད་ཀྱིས་ཁེངས་ཤིང་ཏང་གི་བཀའ་དྲིན་དྲན་བཞིན་ཡོད།

      ཁོང་གིས་གསར་འགོད་པར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གསན་སྐབས་ངའི་མྱོང་ཚོར་ཟབ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་སི་ཁྲོན་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་ཡོད་པ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་ཡོད་པ་དེ་རེད། ང་རང་སེམས་པ་ཧེ་ཅང་དགའ་པོ་བྱུང་། རང་ཡུལ་ལོག་རྗེས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་སྨོན་འདུན་དང་ཐུགས་ཁུར་གནང་བ་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་འཚོ་སྲུང་བྱེད་པས་མ་ཚད། ད་དུང་དབུལ་སྐྱོར་གནད་སྨིན་གྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཡག་མོ་བྱས་ནས་མི་སེར་ཚོའི་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུའི་ཡིད་ཆེས་ཆེ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:བོད་ལྗོངས་རྒྱལ་རྩེའི་དར་ཆེན་སྐུ་བཞེངས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསུམ་བརྒྱད་དར་དམར་བ་དང་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས། རང་ཁུལ་གྱི་ཐུན་མོང་ག
  • དོ་སྣང་ཆེ་བའི་རྩོམ།