"མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ"རེ་ཞུ་ཐོ་འགོད་བྱེད་འགོ་ཚུགས་པ།

    མི་དམངས་དྲ་བའི་འཕྲིན།    2017-02-22

  "མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ"ནི་མ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་སྤེལ་བ་དང་། ལོ་རེར་ཐེངས་རེ་སྤེལ་ཞིང་། དམིགས་ཡུལ་ནི་གྲོང་གསེབ་ཀྱི་ཕུལ་བྱུང་དགེ་རྒན100བདམས་རྒྱུ་དང་བསྟུད་མར་ལོ་གསུམ་རིང་ལ་ཁྱོན་བསྡོམས་མི་རེར་རོགས་དངུལ་སྒོར་ཁྲི10རེ་དང་ཆེད་ལས་གསབ་སྦྱོང་གི་གོ་སྐབས་སྤྲད་རྒྱུ་རེད། 2017ལོའི"མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ"ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་སློབ་ཁྲིད་དགེ་རྒན་ལ་ཁ་ཕྱོགས་ནས་རེ་ཞུ་ཐོ་འགོད་དང་ལེན་བྱེད་འགོ་ཚུགས་ཡོད་ཅིང་། ད་ལོའི་སྤྱི་ཟླ4ཚེས15ཉིན་རེ་ཞུ་ཐོ་འགོད་བྱེད་མཚམས་བསྒྲིལ་རྒྱུ་ཡིན་པ་རེད། བོད་ལྗོངས་ཚོང་གཉེར་ཚགས་པར་ནི་བོད་ལྗོངས་ཀྱི་མཉམ་ལས་སྨྱན་སྦྱོར་གཅིག་པུ་ཡིན་པའི་ཐོག་ནས་རང་སྐྱོང་ལྗོངས་ཡོངས་ལ་ཁ་ཕྱོགས་ནས་གྲོང་གསེབ་ཀྱི་དགེ་རྒན་ཕུལ་བྱུང་ཅན་འཚོལ་སྡུད་བྱ་རྒྱུ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། "མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ"དཔྱད་འདེམས་ཚད་གཞི་ནི། སློབ་གསོའི་བརྩེ་སེམས་ལྡན་པ་དང་། གྲོང་གསེབ་ཀྱི་དགེ་རྒན་ལས་ཀ་བྱེད་པར་མོས་སེམས་ལྡན་པ། སློབ་གསོའི་ཤེས་རིག་ལྡན་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གྲོང་གསེབ་ཀྱི་བྱིས་པ་ཚོ་འཚར་ལོངས་ཡོང་བར་མཐུན་པའི་སློབ་གསོའི་ལག་ལེན་སྤེལ་བ། ཡར་སྐུལ་གྱི་བག་ཆགས་བཞག་པ། སློབ་གྲྭ་དང་གྲོང་གསེབ་ཏུ་གུས་བཀུར་ཐོབ་པ་མ་ཟད་དགེ་མཚན་ལྡན་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་བཅས་རེད།     2017ལོའི"མ་ཡུན་གྱི་གྲོང་གསེབ་དགེ་རྒན་བྱ་དགའ"དཔྱད་འདེམས་བྱེད་འགོ་དངོས་སུ་ཚུགས་ཟིན་ལ།      རྒྱལ་ཡོངས་ལ་ཁ་ཕྱོགས་ནས་གྲོང་གསེབ་ཀྱི་སློབ་ཁྲིད་དགེ་རྒན་ཕུལ་བྱུང་ཅན100དཔྱད་འདེམས་བྱ་རྒྱུ་རེད། རེ་ཞུ་ཐོ་འགོད་བྱེད་མཁན་གྱིས་རང་ཉིད་ཀྱི་རེ་ཞུ་ཐོ་འགོད་དང་ལས་ཁུངས་ཀྱིས་འོས་སྦྱོར་བྱེད་པའི་བྱ་ཐབས་གཉིས་ཀྱི་ཐོག་ནས་ཐོ་འགོད་བྱེད་ཆོག་ཅིང་། རེ་ཞུ་དཔྱད་གཞིའི་ཡིག་རིགས་གཅིག་གྱུར་དུ"མ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས"ཀྱི་གཞུང་ཕྱོགས་དྲ་ཚིགས( http://www.jackmafoundation.org.cn)ལ་འབུལ་རྒྱུ་དང་། རྣམ་གྲངས་འདིའི་འབྲེལ་ཡོད་ཆ་འཕྲིན་ཡང་གཅིག་གྱུར་དུ་དྲ་ཚིགས་འདི་བརྒྱུད་ནས་ཁྱབ་སྤེལ་བྱ་རྒྱུ་རེད། དགེ་རྒན་ཚོས་དྲ་ཚིགས་སུ་ཆ་འཕྲིན་འགོད་པར་སྟབས་བདེ་ཡོང་ཆེད། ཐེབས་རྩ་ལྷན་ཚོགས་ཀྱི་གཞུང་ཕྱོགས་རེ་ཞུ་ཐོ་འགོད་ལས་སྟེགས་ནས་རེ་ཞུ་ཐོ་འགོད་རེའུ་མིག(wordཔར་གཞི) ཕབ་ལེན་བྱས་ཏེ་སྔོན་ལ་རེའུ་མིག་སྐོང་རྒྱུ་དང་། དེ་ནས་དྲ་འཇུག་བྱས་ནས་རྣམ་གྲངས་རེ་རེ་བཞིན་ཕུལ་ཆོག་པ་རེད། གལ་ཏེ་རེ་ཞུ་ཐོ་འགོད་བྱེད་མཁན་གྱི་དགེ་རྒན་སྡོད་སར་དྲ་རྒྱ་བེད་སྤྱོད་བྱེད་བདེ་པོ་མེད་པའི་ས་ཁུལ་ཡིན་ན། ཐེབས་རྩ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཀྱི་རེ་ཞུ་ཐོ་འགོད་ལས་སྟེགས་ནས་རེ་ཞུ་ཐོ་འགོད་རེའུ་མིག(wordཔར་གཞི)ཕབ་ལེན་བྱས་ཏེ་དཔྱད་གཞིའི་ཡིག་རིགས་ཁ་སྐོང་བྱས་རྗེས་ཡིག་སྒམ་བརྒྱུད་དེteacher@jackmafoundation.org.cnལ་བསྐུར་ཆོག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རེ་ཞུ་ཐོ་འགོད་ཀྱི་དཔྱད་གཞིའི་ཡིག་རིགས་འབུལ་མཚམས་འཇོག་པའི་དུས་ཚོད་ནི2017ལོའི་ཟླ4ཚེས15ཉིན་ཡིན་པ་དང་། དཔྱད་གཞིའི་ཡིག་རིགས་ལེགས་འགྲུབ་ངང་འབུལ་འབྱོར་བྱུང་བའི་དུས་ཚོད་དུས་བཀག་ཏུ་འཛིན་པ་ལས། ཕྱི་འགྱངས་བྱས་ན་དང་ལེན་མི་བྱེད་པ་རེད།


  • ལེ་ཚན་སྔོན་མ།:བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ནས་ལོ་ཕྱེད་སོང་བ།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱི་བོད་ལུགས་ལོ་གསར་དགོང་ཚོགས་ཀྱི་དགྱེས་སྟོན་ཕབ་སྐྲུན་ལེགས་གྲུབ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།