སྡེ་ཚན་གཉིས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་སློབ་མ་དབུལ་པོའི་འོས་འགན་སློབ་གསོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།

ཡེ་ཤེས་ཀྱིས་བསྒྱུར།        2019-09-12

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ8ཚེས29ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་དོན། སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཉིན་ཤས་གོང《ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ལོ་ལོན་པའི་བུ་ཕྲུག་གི་འོས་འགན་སློབ་གསོ་འགན་ལེན་ཡོད་པར་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》མཉམ་དུ་འགྲེམས་སྤེལ་བྱས་ཏེ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་འདང་ས་ཁ་གསབ་མགྱོགས་པོ་བྱས་ཏེ་འོས་འགན་སློབ་གསོ་ལ་འགན་ལེན་ཡོད་པའི་ལས་འགན་འགྲུབ་པར་ཁག་ཐེག་ནན་པོ་བྱས་ཡོད་ཅིང་། སློབ་གསོར་བརྟེན་ནས་དབུལ་ཐར་འགག་སྒྲོལ་བྱ་རྒྱུའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་།

    ལས་ཀའི་ཇུས་གཞིའི་ནང་བླང་བྱ་བཏོན་དོན། མུ་མཐུད་དེ་འོས་འགན་སློབ་གསོའི་དུས་རིམ་དུ་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་མ་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་ནས་སློབ་མས་གཙོ་བོ་བྱས་པའི་གནད་སྨིན་རོགས་སྐྱོར་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏང་དགོས་པ་དང་། སློབ་མཚམས་འཇོག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཞིབ་ཕྲ་བྱ་དགོས་ཤིང་། ལོ་ན་ལོན་ཡང་སློབ་གྲྭར་འགྲོ་མེད་པའི་སློབ་ཤོར་བྱིས་པ་དང་ལོ་ཆུང་། ཡེ་གེ་མི་ཤེས་པ་ཡང་ན་སློབ་སྦྱོང་ལ་སུན་སྣང་སྐྱེ་བའི་རྐྱེན་གྱིས་སློབ་མཚམས་འཇོག་པའི་སློབ་མ། ཁྱིམ་ཚང་གི་བསམ་བློའི་འདུ་ཤེས་རྗེས་ལུས་ཡིན་པའི་རྐྱེན་གྱི་སློབ་མཚམས་འཇོག་པའི་སློབ་མ། ལུས་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་སློབ་མཚམས་འཇོག་པའི་སློབ་མ་སོགས་ཀྱི་རིགས་ལ་དམིགས་ཏེ་དམིགས་བསལ་རང་བཞིན་གྱི་ལས་ཀའི་བྱ་ཐབས་གསལ་པོ་བྱ་དགོས་པ་རེད།

    ལས་ཀའི་ཇུས་གཞིའི་ནང་ནན་པོ་བཤད་དོན། སློབ་གནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་། ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཆེན་པོ་གཏོང་དགོས་པ། ཤང་དང་གྲོང་རྡལ་གྱི་རྒྱུན་སྡོད་ལམ་ལུགས་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་བརྒྱག་དགོས་པ། སློབ་གསོ་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སློབ་གཉེར་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། སློབ་ཁྲིད་འགན་ལེན་ལ་ཤུགས་བརྒྱག་དགོས་པ། གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་ཟབ་མོ་གཏོང་བ། ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་པོ་ཞིང་སྡེའི་སློབ་གྲྭར་དགེ་རྒན་བྱེད་པར་བརྟན་པོ་དང་ནང་འགུགས་བྱས་ནས་གྲོང་གསེབ་ཀྱི་དགེ་རྒན་གྱི་འཇོན་ཐང་དང་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་གཏང་དགོས། རོགས་སྐྱོར་འགན་ལེན་ལ་ཤུགས་བརྒྱབ་ནས་སྒོ་ཀུན་ནས་འོས་འགན་སློབ་གསོ་དུས་རིམ་གྱི“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་བྱ་དགོས་པར་མ་ཟད། ད་རུང་ས་ཁུལ་དབུལ་པོ་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་དུ་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་བའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་བོད་ཡིག་གི་ཐ་སྙད་གསར་པ1500ལྷག་ཙམ་གསར་སྣོན་བྱས།
  • ལེ་ཚན་རྗེས་མ།:ལོ་བདུན་ཅུའི་ནང་རང་རྒྱལ་གྱི་སྒེར་གཉེར་ཁེ་ལས་ཀྱི་གྲངས་འབོར་བསྡུར་ཚད་བརྒྱ་ཆ་བརྒྱད་ཅུ་འཕར་ཡོད།
  • དོ་སྣང་ཆེ་བའི་རྩོམ།