ཡེ་ཤེས་ཀྱིས་བསྒྱུར། 2019-09-12
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། ཉེ་ཆར་བོད་རང་སྐྱོང་ལྗོངས་ཐ་སྙད་གསར་པའི་བོད་ཡིག་ཡིག་སྒྱུར་ཚད་ལྡན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་དོན། 2018ལོ་ནས་བཟུང་བོད་ལྗོངས་ཀྱིས་ཐ་སྙད་གསར་པ1500ལྷག་ཙམ་གསར་སྣོན་བྱས་ཡོད་པ་དང་དེའི་ནང“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ”དང་། “སྡོད་ཁོམ་མེད་པའི་རིགས”“མཛའ་མཚོན་སེམས་རྟགས”སོགས་རྒྱ་ཡིག་ནང་ཐོན་པའི་ཐ་སྙད་གསར་པ་དེ་དག་བོད་སྐད་ཀྱི་ཁྲོད་དུ་ཡང་ཚད་ལྡན་གྱི་བཏགས་མིང་བཟོས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཐ་སྙད་གསར་པའི་བོད་ཡིག་ཡིག་སྒྱུར་ཚད་ལྡན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས2018ལོ་ནས་བཟུང་ཚད་ལྡན་ཨུ་ཡོན་ལྷན་ཁང་གིས་སྐབས་དོན་ཆབ་སྲིད་དང་དྲྭ་རྒྱའི་ཐ་སྙད་སོགས་སྤྱོད་མང་བའི་ཐ་སྙད་གཙོ་བོར་ཞིབ་བཤེར་གཏན་འབེབས་དང་ཚད་ལྡན་བྱས་ཡོད་ཅིང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་དགོས་མཁོར་ལྟར2019ལོར་ཆེད་དུ་སྒྲིག་འཛུགས་བྱས་ཏེ་གློག་ཤུགས་ཀྱི་ཐ་སྙད500ལྷག་ཙམ་དང་བོད་ཀྱི་ཟློས་གར་དང་བོད་ལྗོངས་སྲོལ་རྒྱུན་ཞབས་བྲོ་དང་འབྲེལ་བ་ཡོད་པའི་ཆེད་ལས་ཐ་སྙད150ལྷག་ཙམ་ལ་ཞིབ་བཤེར་གཏན་འབེབས་བྱས་ཡོད། མིག་སྔར་ཚད་ལྡན་བྱས་རྗེས་ཀྱི་བོད་ཡིག་ཐ་སྙད་གསར་པ་ཚང་མ་དུས་ཐེངས་རེའི་རྒྱ་ཡིག་དང་བོད་ཡིག་ཤན་སྦྱར་གྱི་སྤྱི་བསྒྲགས་དང་རིན་མེད་ཁུག་མའི་དེབ་སོགས་བརྒྱུད་ནས་བོད་ལྗོངས་ཀྱི་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ལ་བཏང་ཡོད་པ་རེད་ཅེས་བཤད་པ་རེད།
འཇམ་དབྱངས་ཆོས་རྒྱལ་གྱིས་ང་ཚོའི་ལས་དོན་གཙོ་བོ་གཞི་རིམ་ལ་ཕྱོགས་ཡོད། དཔེར་ན། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གནད་སྨིན་སྲིད་ཇུས་སྐོར་གྱི་ཡིག་སྒྱུར་དེ་མི་སེར་གྱིས་གསལ་པོར་ཤེས་ཚེ་ལས་དོན་མང་པོ་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ་གཞི་ནས་དེ་བས་ལེགས་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་རེད། ཚད་ལྡན་གྱི་ཐ་སྙད་གསར་པ་ཚང་མ་བོད་ཀྱི་བོད་སྐད་ཡིག་དྲ་བ་དང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 《བོད་ལྗོངས་ཉིན་རེའི་ཚགས་པར》དང《ཟླ་ཕྱེད་གླེང་མོ》སོགས་བོད་ཡིག་པར་གཞིའི་ཚགས་པར་དང་དུས་དེབ་ཐོག་བཀོད་ཡོད་ཅེས་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10