འཛམ་གླིང་གི་སྟོབས་ཆེ་བའི་སྤྱི་གཉེར་ཁང500ནང་གི་བརྒྱ་ཆ98 ཀྱིས་ཀྲུང་གོར་མ་དངུལ་བཞག་པ།

ཡེ་ཤེས་ཀྱིས་བསྒྱུར།        2019-08-29

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། འཛམ་གླིང་གི་སྟོབས་ཆེ་བའི་སྤྱི་གཉེར་ཁང500ཁྲོད་ནས490ཡིས་ཀྲུང་གོར་མ་དངུལ་བཞག་ཡོད་པ་དེས་གྲངས་འབོར་སྤྱི་ཡོངས་ཀྱི་བརྒྱ་ཆ98ཙམ་བཟུང་ཡོད་པ་རེད། ཀྲུང་གོའི་སྤྱི་གཉེར་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་འགྲོ་བ་དང་བསྟུན《རྒྱུ་ནོར》འཛམ་གླིང་གི་སྟོབས་ཆེ་བའི་500ནང་ཀྲུང་གོའི་སྤྱི་གཉེར་ཁང་ཚུད་པའི་གྲངས་ཚད་རྒྱུན་མཐུད་དུ་མང་དུ་འགྲོ་བཞིན་ཡོད་པ་དང་། 2001ལོར་ཚུད་པའི་སྤྱི་གཉེར་ཁང11ནས2019ལོ་བར་སྤྱི་གཉེར་ཁང129ཡི་མང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

     ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་བྱེད་རིང་། རྒྱལ་གྲོལ་སྤྱི་གཉེར་ཁང་ལས་ཀྲུང་གོར་མ་དངུལ་དང་། ལག་རྩལ། དོ་དམ་བཅས་ཀྱི་ཉམས་མྱོང་བྱུང་བར་མ་ཟད། ཀྲུང་གོར་ཁྲོམ་ར་ཆེན་པོ་བཏོད་དེ་ཕན་འབྲས་ཐོབ་ནས་གཉིས་ཕན་གཉིས་ཁེ་བྱུང་ཡོད། དེ་དང་དུས་མཚུངས་རྒྱལ་གྲོལ་སྤྱི་གཉེར་ཁང་གིས་ཕྱོགས་མང་དཔལ་འབྱོར་སྒྲིག་སྲོལ་སྲུང་སྐྱོང་དང་དྲང་བདེན་ལུགས་མཐུན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

     འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་པ་དེའི་ནང་བཀག་རྒྱ་གསལ་ཐོ་ཤུགས་ཆེན་ཉུང་དུ་བཏང་བ་དང་། སྒོ་ཁྲལ་རང་འགུལ་ངང་གཅོག་པ། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་བཏོན་པ་སོགས་ཚུད་ཡོད་པ་དེས་ཕྱི་དངུལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཕྱིན་ཡོད། 2018ལོར་ཀྲུང་གོས་ཕྱི་དངུལ་ཨ་སྒོར་དུང་ཕྱུར1383དངོས་སུ་སྤྱད་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད། འཛམ་གླིང་དངུལ་ཁང་གི་སྙན་ཞུར་གཞིགས་ན། ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གོ་ལ་ཧྲིལ་པོའི་ཨང་རིམ་ནང་ན་ནིང་ལོ་གཅིག་ཁོ་ནར་ཨང་རིམ་2འཕར་ཡོད་པ་རེད།


  • ལེ་ཚན་སྔོན་མ།:འབྱུང་འགྱུར་གྱི་ལོ5ཡི་ནང་བོད་ལྗོངས་ཀྱིས་རྒྱང་སྟོན་སྨན་བཅོས་ས་ཚུགས45འཛུགས་རྒྱུ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཉིད་སྟོབས་ཆེ་བའི་དམངས་གཉེར་ཁེ་ལས500ཡིས་མ་དངུལ་གཏོང་འཇོག་བྱེད་འདོད་པའི་ས་གནས་ལ་གྱུར།
  • དོ་སྣང་ཆེ་བའི་རྩོམ།