བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཚོ་བོད་མཐོ་སྒང་གི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྱོང་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-06-27

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གཉིས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ《ཐུན་མོང་དུ་བོད་ལྗོངས་དང་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་གྲོས་མཐུན》ཡི་གེ་བཞག་པ་རེད། ཕྱིན་ཆད་ཞིང་ལྗོངས་གཉིས་ཀྱིས་མཉམ་དུ་བོད་ལྗོངས་དང་མཚོ་སྔོན་གྱི་ཡུལ་སྐོར་སྐོར་ལམ་ཆེན་མོ་འཛུགས་སྐྱོང་བྱས་ཏེ་མཚོ་བོད་མཐོ་སྒང་གི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྱོང་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲོས་མཐུན་བཞག་པའི་དམིགས་ཡུལ་ནི་ཞིང་ལྗོངས་གཉིས་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། ཐང་བོད་གནའ་ལམ་དང་། མཚོ་བོད་ལམ་ཐིག(མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ)གིས་སྦྲེལ་ཐག་བྱས་ཏེ་ཐུན་མོང་དུ་གཞུང་ལམ་གཉིས་དང་ལྕགས་ལམ་གཅིག་བརྒྱུད་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མཚོན་རྟགས་དང་དེ་བཞིན་དུ་དེ་མིན་གྱི་ཡུལ་སྐོར་ཐོན་ཁུངས་གཞན་དག་གསར་སྤེལ་བྱས་ནས་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན། ཐུན་མོང་དུ་འཕེལ་རྒྱས་ཡོང་བའི་ཡུལ་སྐོར་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གཉིས་ཀྱིས་མཉམ་དུ་མཚོ་བོད་ཞིང་ལྗོངས་གཉིས་ཀྱི་ཡུལ་སྐོར་ལས་དོན་ཚོང་དོན་ཨུ་ལྷན་བཙུགས་པས་མ་ཚད། ཞིང་ཆེན་བརྒལ་བའི་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཕྱི་མ་ལག་དང་། ཡུལ་སྐོར་གྱི་ཐོན་རྫས་དང་ལས་གཞི། ཡུལ་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བཞག་པ་རེད།

     འཛམ་གླིང་ཡང་རྩེའི་ཞེས་མཚན་སྙན་ཡོད་པའི་མཚོ་བོད་མཐོ་སྒང་ནི་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ས་ཁུལ་ཐམས་ཅད་དང་། དེ་བཞིན་དུ་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཁུལ་ཁག་གཅིག་ཚུད་ཡོད་ཅིང་། དེ་གར་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་། ནང་དོན་ཟབ་པའི་རིག་གནས་ཤུལ་བཞག་དང་རིགས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཡོད་པ་རེད། མཚོ་བོད་གཞུང་ལམ་བརྒྱུད་ཡུལ་དུ་མཚོ་སྔོན་པོ་དང་། ཨ་ཆེན་གངས་རྒྱབ། གཙང་གསུམ་འབྱུང་ཡུལ། གནམ་མཚོ། ལྷ་ལྡན་གཙུག་ལག་དང་ཕོ་བྲང་པོ་ཏ་ལ་སོགས་པ་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:བོད་སྐྱོར་ལས་གཞི202ཀྱི་གན་རྒྱ་བཞག་ནས་སྔོན་ཚོད་བྱས་ན་མ་དངུལ་སྒོར་དུང་ཕྱུར215བཏང་སྟེ་བོད་ལྗོངས་དབུལ་ཐར་འགག་སྒྲོལ་བྱེད་རོགས་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ད་ལོར་ཉེན་མེད་བཟའ་བཅའ་ཐད་གཙོ་གནད་ལས་དོན21བཏོན།
  • དོ་སྣང་ཆེ་བའི་རྩོམ།