ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2019-03-06
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས5ཉིན་གྱི་སྔ་དྲོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི3000ཙམ་གྱིས་མི་དམངས་ཀྱི་མངག་བཅོལ་ཆེན་མོ་ཕྲག་ཏུ་ཁུར་ནས་གཟབ་རྒྱས་ཆེ་བའི་ཚོགས་ཆེན་ལ་ཞུགས་པ་དང་། ནན་ཏན་གྱི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབས་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲེན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅེ་པིན་ཞོན། ཨའེ་ལི་ཀེང་དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཡང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་བཞུགས་ཡོད།
ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་འཐུས་མི2975ཡོད་པ། སྤྱི་ཚེས5ཉིན་གྱི་སྔ་དྲོའི་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་2948ཡོད་པ་དང་། ཞུགས་མ་ཐུབ་པའི་འཐུས་མི27ཡོད་ཅིང་། གྲོས་ཚོགས་ལ་ཞུགས་མཁན་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
སྔ་དྲོའི་ཆུ་ཚོད9པའི་ཐོག ལི་ཀྲེན་ཧྲུའུ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚོགས་རའི་མི་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད་པ་རེད།
གྲོས་ཚོགས་ཀྱི་གྲོས་རིམ་ལ་གཞིགས་ཏེ། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་སྙན་ཞུ་གནང་། སྙན་ཞུ་དེ་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག སྤྱི་ལོ2018ལོའི་ལས་དོན་ཕྱིར་དྲན་དང་། གཉིས། སྤྱི་ལོ2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱི་ཡོངས་བླང་བྱ་དང་སྲིད་ཇུས་འཕེལ་ཕྱོགས། གསུམ། སྤྱི་ལོ2019ལོའི་སྲིད་གཞུང་གི་ལས་འགན་བཅས་ཡིན་པ་རེད།
ལི་ཁེ་ཆང་གིས། འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གོང་འཕེལ་ལ་ལོ་མང་རིང་མཐོང་ཉུང་བའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་དང་གནས་བབ་ཛ་དྲག་པོ་འཕྲད་ཡོད་ཅིང་། དཔལ་འབྱོར་ཆག་པའི་གནོན་ཤུགས་གསར་པ་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་པ་དང་། དཀའ་སྤྱད་མདུན་བསྐྱོད་དང་། དཀའ་གནད་འགག་སྒྲོལ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐུག་ཆོད་པ་ལེན་པར་འཕེལ་རིམ་ཆེན་པོ་གསར་པ་བྱུང་ཡོད་ཅེས་གསུངས་པ་དང་།
ལི་ཁེ་ཆང་གིས། ཕྱོགས་བརྒྱད་ཀྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་ཡོད་པ་སྟེ། སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས། དཔལ་འབྱོར་འཁོར་བསྐྱོད་བརྟན་པོ་རྒྱུན་འཁྱོངས་བྱུང་བ། འགག་གཏོར་ཆེན་པོ་གསུམ་གྱི་ལས་ཀ་ཏན་ཏིག་གིས་ཡག་པོ་བྱས་ཏེ། གཙོ་གནད་ལས་འགན་ལ་གྲུབ་འབྲས་ཡག་པོ་ཐོབ་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དངོས་གཞིའི་དཔལ་འབྱོར་གྱི་གསོན་ཤུགས་ཟམ་མི་ཆད་པར་གློད་འགྲོལ་ཐུབ་པ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། གསར་གཏོད་ནུས་པ་དང་ཕན་འབྲས་མུ་མཐུད་ཡག་ཏུ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་ནས། གོང་འཕེལ་གྱི་སྒུལ་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་གཅིག་གྱུར་འཆར་འགོད་བྱས་ནས། དགེ་མཚན་ལྡན་པའི་སྤེལ་རེས་ཀྱི་གནས་སྟངས་མགྱོགས་མྱུར་ངང་ཆགས་པ། གོང་འཕེལ་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ། སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་བས་གཞུང་དྲང་གི་ཕན་བདེ་སྐྲུན་པ། ཁྲིམས་སྐྱོང་སྲིད་གཞུང་གི་འཛུགས་སྐྲུན་དང་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་དང་།
ལི་ཁེ་ཆང་གིས། ཉེན་ཁར་བསམ་ན་གཞི་ནས་བདེ་སྡོད་ཡོང་། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས། རང་རྒྱལ་གོང་འཕེལ་གྱི་མདུན་དུ་འཕྲད་པའི་གནད་དོན་དང་འགྲན་རྩོད་གསལ་པོར་མཐོང་ཐུབ་པ་བྱ་དགོས་པ་དང་། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་རྩོད་ལ་ཐད་ཀར་ཁ་ཕྱོགས་པ་དང་། འགན་འཁྲི་འཁུར་ཕོད་པ། འགན་ནུས་དམ་བཟུང་། ནུས་ཤུགས་ཡོད་རྒུས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་ཀྱི་རེ་སྒུག་ཆུད་ཟོས་རྩ་བ་ནས་གཏོང་མི་ཉན་ཞེས་བསྟན་གནང་བ་དང་།
ལི་ཁེ་ཆང་གིས། སྤྱི་ལོ2019ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྔོན་རྩིས་དམིགས་ཚད་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ6ནས་བརྒྱ་ཆ6.5བར་འཕར་བ་དང་། གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་ཟིན་པ། གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བརྒྱ་ཆ5.5ཡས་མས་དང་། ཐོ་འགོད་ལས་ཤོར་བརྒྱ་ཆ4.5ཡི་ནང་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་༣གཡས་གཡོན་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ཁྲོད་སྤུས་ཚད་མཐོ་རུ་འགྲོ་བ་བྱ་རྒྱུ། སྤྱི་ཁོག་བུ་ལོན་ཟུག་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ། དངུལ་རྩའི་ནོར་སྲིད་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་ཚོད་འཛིན་ཐུབ་པ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་ཉུང་དུ་གཏོང་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་འགྲོ་ཚད་གཞི་རྩའི་ཆ་ནས་མཉམ་བགྲོད་ཡོང་བ་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་བཅོས་བྱས་ནས་ཚན་པའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་གྲོན་བརྒྱ་ཆ3ཡས་མས་ཆག་པ་དང་། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་རྒྱུན་མཐུད་ཆག་པ་བྱ་རྒྱུ་བཅས་ཡིན་ཞེས་གསུངས།
ལི་ཁེ་ཆང་གིས་ལས་དོན་སྙན་ཞུའི་ནང་། སྤྱི་ལོ2019ལོའི་སྲིད་གཞུང་ལས་དོན་ཡག་པོ་སྒྲུབ་པར། གཤམ་གྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱ་དགོས་པ་སྟེ། གཅིག་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རང་ངོས་ཀྱི་བྱ་བ་ཡག་པོ་སྒྲུབ་རྒྱུ། གཉིས་ནས་འཕར་སྣོན་དང་ཉེན་ཁ་སྔོན་འགོག་གི་འབྲེལ་བ་སྙོམས་སྒྲིག་ཡག་པོ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གོང་འཕེལ་ཡོང་བར་འགན་ལེན་བྱ་རྒྱུ། གསུམ་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། བསྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་བཏོན་ཡོད།
ལི་ཁེ་ཆང་གིས། སྤྱི་ལོ2019ལོར་གཙོ་གནད་འབུར་དུ་ཐོན་པ་དང་། འགག་གནད་ཁོང་དུ་ཆུད་པ་བྱས་ནས་ལས་དོན་ཁག་བཅུ་དམ་འཛིན་ཡག་པོ་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནས་མུ་མཐུད་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་ཚང་དུ་བཏང་ནས་ལུགས་མཐུན་གྱི་བར་ཁམས་ནང་དཔལ་འབྱོར་འཁོར་རྒྱུག་ཡོང་བ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ཁྲོམ་རའི་གཙོ་ཤུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ཚོང་གཉེར་ཁོར་ཡུག་གཙོ་གནད་དུ་ལེགས་སུ་གཏོང་བ། གསུམ་ནས་གསར་གཏོད་ཀྱི་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒུལ་ཤུགས་གསར་པ་གསོ་སྤེལ་དང་སྟོབས་ཆེར་གཏོང་བ། བཞི་ནས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ནང་མཁོའི་མངོན་མེད་ནུས་པ་རྒྱུན་མཐུད་མངོན་ཐུབ་པ་བྱ་རྒྱུ། ལྔ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་ལས་འགན་དང་དཔེ་བསྡུར་བྱས་ནས་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་བརྟན་པོའི་སྒོ་ནས་སྐུལ་སྤེལ་གཏོང་རྒྱུ། དྲུག་ནས་ས་ཁོངས་དོ་སྙོམས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་གསར་དར་གྲོང་རྡལ་ཅན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ། བདུན་ནས་སྦགས་བཙོག་འགོག་བཅོས་དང་འབྱུང་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། བརྒྱད་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཁྲོམ་རའི་སྒྲིག་གཞི་འཐུས་ཚང་ཇེ་མགྱོགས་སུ་གཏོང་རྒྱུ། དགུ་ནས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གསོ་སྤེལ་བྱ་རྒྱུ། བཅུ་ནས་སྤྱི་ཚོགས་བྱ་གཞག་གོང་འཕེལ་མགྱོགས་སུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་ཡིན་ཞེས་གསུངས།
ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་རང་ངོས་འཛུགས་སྐྱོང་དང་། མི་རིགས། ཆོས་ལུགས། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གྱི་གོང་འཕེལ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དེ་བཞིན་རང་རྒྱལ་ཕྱི་འབྲེལ་སྲིད་ཇུས་ཐད་རྒྱས་བཤད་གནང་ཡོད།
གྲོས་ཚོགས་ཀྱིས་གྲོས་རིམ་ལ་གཞིགས་ནས། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིའི་འཆར་ཟིན་སྙན་ཞུ། དེ་བཞིན་སྤྱི་ལོ2019ལོའི་འཆར་གཞིའི་འཆར་ཟིན། སྤྱི་ལོ2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང་དེ་བཞིན་སྤྱི་ལོ2019ལོའི་རྒྱལ་ཡོངས་སྔོན་རྩིས་ཀྱི་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱས་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཚན། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཚོགས་འདུར་ཟུར་ཞུགས་དང་ཟུར་ཉན་གནང་ཡོད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་ཉན་གནང་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10