ཇ་རྟའི་ཚོང་ལམ་དུ་དེང་རབས་ཅན་གྱི་མྱུར་བགྲོད་ལྕགས་ལམ་བཏིང་བ།

    མི་དམངས་ཉིན་རེའི་ཚགས་པར།    2019-01-03

     —— ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པའི་ཟུར་བྲིས།

     ཉེ་ཆར་ཤར་གཏོང་ཐུབ་པའི་ཇ་རྟའི་ཚོང་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པས་ཤུགས་འགྲེམས་མེ་འཁོར་ལ་བསྡད་ཚེ་ཆུ་ཚོད1དང་སྐར་མ17ལས་མི་འགོར་བར་ཁྲེང་ཏུའུ་ནས་གཡག་རྔར་འབྱོར་གྱི་ཡོད། དེ་ཐོག་ནས་ལོ་ངོ་སྟོང་གི་ཇ་རྟའི་ཚོང་ལམ་ལ་དེང་རབས་ཅན་གྱི་མྱུར་བགྲོད་ལྕགས་ལམ་བཏིང་བ་མཚོན་ཡོད།

ལོ་ངོ་ཉིས་སྟོང་གོང་སི་ཁྲོན་འགོ་འཛུགས་སར་བྱས་ནས་ནུབ་རྒྱུད་དང་འགྲོ་འོང་བྱེད་སའི་འགྲོ་ལམ་གལ་ཆེན་དེར་བརྟེན་ནས་ཉོ་ཚོང་འདྲ་མིན་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་ཇ་རྟའི་ཉོ་ཚོང་དེ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་དར་གོས་ལྷོ་ལམ་གྱི་ནང་དོན་གལ་ཆེན་དུ་གྱུར་ཡོད།

    གཡག་རྔ་གྲོང་ཁྱེར་མིང་ཧྲན་ཆུས་ཀྱི་སུང་ཧྲེན་ཙུང་ཤིས་ཉིང་ཁྲི་ལོ་བདུན་པར་བསྐྲུན་པའི“ཇ་རྟ་བརྗེ་ཚོང་སིའི”རྗེས་ཤུལ་གྱི་གཞུང་ལམ་འགྲམ་དུ་ཡོད། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་རྒྱུད་ནི་ཇ་ཐོན་ཁུལ་ཡིན་པས་ཐང་རྒྱལ་རབས་ནས་བཟུང་དེར་ཇ་རྟ་བརྗེ་ཚོང་བྱེད་ཀྱི་ཡོད། ཇ་རྟ་བརྗེ་ཚོང་ཁྲོམ་ར་དོ་དམ་བྱེད་མཁན་གྱི་སྒྲིག་གཞི་ནི“ཇ་རྟ་བརྗེ་ཚོང་སི”ཡིན། ཁྲེང་ཏུའུ་ནས་ནུབ་ཀྱི་དབུན་ཅང་དང་། ཁྲུང་ཀྲོའུ། ཏ་དབྱི། ཆུང་ལའེ། ཕུའུ་ཅང་། མིང་ཧྲན་སོགས་ཀྱི་གཙོ་གནད་གྲོང་རྡལ་བརྒྱུད་སྐབས་ཇའི་དྲི་ཞིམ་འཐུལ་བ་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དེ་དག་གཡང་ཊིའི་རྐེད་རགས་ཐོག་བརྒྱན་པའི་མུ་ཏིག་དང་འདྲ་བར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་འོད་སྟོང་འཕྲོ་བཞིན་ཡོད།

     འོན་ཀྱང་ལོ་ངོ་སྟོང་གི་གནའ་ལམ་དེ་བསམ་པ་ལྟར་གྱི་འགྲོ་བདེ་བ་ཞིག་གཏན་ནས་མེད། ཁྲེང་ཏུའུ་ནས་གཡག་རྔ་བར་ནི་ཐང་སྡེར་ནས་མཚོ་བོད་ས་མཐོའི་བར་གྱི་བར་བརྒལ་ས་ཆ་ཡིན་པས་ས་བབ་མཐོ་ཚད་སྨི500ནས་སྟོང་ཕྲག་ཁ་ཤས་བར་ཧེ་བག་ཆེན་པོ་ཡོད་པ་རེད། གཡག་རྔའི་རྟེན་རྫས་བཤམས་མཛོད་ཁང་གི་ཚོན་ཁྲ་མེད་པའི་པར་རིས་ལས་སྐབས་དེ་དུས་ཀུ་ལི་ཚོས་ཇའི་དོ་པོ་ཕྲག་ཏུ་འཁུར་བ་དང་རྐང་པར་གཟེར་ཡོད་པའི་ལྷམ་གྱོན་ཏེ་ལ་བརྒྱབ་ཀླུང་བརྒལ་གྱི་གནས་ཚུལ་གསལ་པོར་མཐོང་ཐུབ། གཡག་རྔའི་མཐའ་འཁོར་རི་ཁྲོད་ཀྱི་རྡོ་སྐས་མང་པོའི་ཐོག་ད་ལྟ་ཡང་ཤུལ་མཐོང་རྒྱུ་ཡོད་པ་དེ་དག་ནི་ཀུ་ལི་ཚོས་ལོ་ངོ་སྟོང་ལྷག་བསྐྱོད་པའི་དཀའ་བ་ཡིན་ལ་ཁོང་ཚོའི་རེ་འབོད་ཀྱང་ཡིན།

     ཇ་རྟའི་ཚོང་ལམ་ཐོག་གི་ཆུང་ལའེ་གྲོང་ཁྱེར་རན་དབྱི་གྲོང་རྡལ་དུ་གཙོ་བོ་ཁ་བཏགས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཀྱི་ཡོད་པས་བོད་དང་། ནང་སོག མཚོ་སྔོན་སོགས་ས་ཆའི་ཁ་བཏགས་ཐོན་ཁུལ་གཙོ་བོ་ཡིན། ཚོང་པ་ཀྲུའུ་སུང་ལེའང་གིས་གསར་འགོད་པར་ངའི་སྤོ་བོ་ལགས་ལོ་ཆུང་དུས་ཁ་བཏགས་དབོར་མཁན་ཡིན་པ་དང་རྐང་ཐང་མར་གཡག་རྔར་བསྐྱོད་ཚེ་ཉིན20ལྷག་འགོར་གྱི་ཡོད། སྤྱི་ལེ30རེར་ཚ་ཕོག་རྒྱག་ས་རེ་ཡོད་པ་དང་སྐབས་འགར་བྲེལ་བ་ཆེ་བའི་རྐྱེན་གྱིས་གནས་ཚང་ཡོལ་ནས་སྟོང་ཐང་དུ་ཞག་སྡོད་བྱེད་དགོས་ཀྱི་ཡོད།

     ད་ཆ་ཀྲུའུ་སུང་ལེའང་གི་ཁ་བཏགས་ལོར་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་སྟོང་ཡན་ཟིན་པ་དང་ས་མཐོའི་ས་ཁུལ་དུ་ཚོང་དོན་རོགས་ཟླ40ལྷག་ཡོད། ཁོང་གིས“ཕྱིར་ཐོན་སྐབས་ཤུགས་འགྲེམས་མེ་འཁོར་ལ་བསྡད་ཚེ། ཚོང་རྒྱག་སྐབས་དེ་བས་ལས་སླ་པོ་འདུག”ཅེས་བརྗོད།

      ལོ་ངོ་ཉིས་སྟོང་གི་ཇ་རྟའི་ཚོང་ལམ་ལ་དེང་རབས་ཅན་གྱི་མྱུར་བགྲོད་ལྕགས་ལམ་བཏིང་བ་དེས་ས་ཕྱོགས་གཉིས་ཀྱི་བར་ཐག་ཐུང་དུ་འགྲོ་ངེས་རེད། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་དེར་མི་རྣམས་ཀྱིས་རེ་སྒུག་མང་པོ་བྱེད་ཀྱི་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་སྤྱི་ལོ2019ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག
  • ལེ་ཚན་རྗེས་མ།:ཡར་འབྲོག་གཡུ་མཚོའི་འགྲམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་བ།
  • དོ་སྣང་ཆེ་བའི་རྩོམ།