མིག་དམར་རྒྱལ་པོས་བསྒྱུར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2018-12-25
ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་དུས་སྤྱི་ལོ༢༠༡༩ལོའི་སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཡོད་པ་རེད། བརྡ་ཐོའི་ནང་། སྤྱི་ལོ༢༠༡༩ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་ལོ་ཞིག་ཡིན་པས། སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་དོ་ཁུར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་སྲུང་བྱ་དགོས་པ། མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་བསམ་པ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པ། མང་ཚོགས་ཀྱི་བདེ་འཇགས་འགྲུལ་བཞུད་ལ་འགན་སྲུང་བྱ་དགོས་པ། ཐོན་སྐྱེད་འཚོ་བའི་འགན་འཁྲི་དོན་འཁྱོལ་ཐད་དམ་འཛིན་བྱ་དགོས་པ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་དགོས་པ། དངོས་སྒྲུབ་གྲོན་ཆུང་ཡ་རབས་བཅས་ཀྱི་ཐོག་ནས་དུས་ཆེན་གཏོང་དགོས་པ། སྤྱོད་གཙང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས་པ། ལས་རེས་དང་འཕྲལ་སྒྲུབ་ལས་དོན་ཡག་པོ་སྒྲུབ་དགོས་པ། དེ་ལྟར་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྤྲོ་དང་། བཀྲ་ཤིས་པ། བདེ་འཇགས་ལྡན་པ་བཅས་ཀྱི་ཐོག་ནས་དུས་ཆེན་ལ་རོལ་རྒྱུ་ཡོང་བར་འགན་སྲུང་བྱ་དགོས་ཞེས་བསྟན་འདུག |
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10