སི་ཁྲོན་གྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་ནས་ལོ20རིང་ནགས་ཚལ་གྱི་གཞི་ཁྱོན་མུའུ་དུང་ཕྱུར་གཅིག་འཕར་ཡོད།

གངས་སྐྱིད་ཀྱིས་བསྒྱུར།        2018-11-19

     ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ11པའི་ཚེས་གཅིག་ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གིས་བསྒྲགས་པའི་གྲངས་གཞི་ནས་མངོན་པར། 1998ལོར་སི་ཁྲོན་གྱིས་རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་བ་ནས་བཟུང་། ལོ20ཡི་རིང་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གཞི་ཁྱོན་དེ་མུའུ་དུང་ཕྱུར1.76ནས་མུའུ་དུང་ཕྱུར2.76ལ་འཕར་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་དེ་བརྒྱ་ཆའི་གྲངས་ཀ13.8ལ་མཐོ་རུ་ཕྱིན་ནས་བརྒྱ་ཆ38.03ལ་བསླེབས་ཡོད།

     སྐྱེ་ཁམས་ཐད་རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་བའི་ལོ་གཉིས་པར་སི་ཁྲོན་གྱིས་ཞིང་ཆེན་རིམ་པའི་རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་དགོས་པའི་སྲུང་སྐྱོང་སྲོལ་ཡིག་བཏོན་པར་མ་ཟད། ད་རུང་ནགས་ཚལ་གྱི་ཁེབས་ཚད་དེ་རྫོང་ཁོངས་དཔལ་འབྱོར་ལ་དཔྱད་ཞིབ་བྱེད་པའི་ཚད་གཞིར་བརྩིས་ཡོད། དུས་མཚུངས་སུ། རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་དེ་གཞི་འཛིན་ས་བྱས་ཏེ། སྔོན་རྗེས་སུ་ཞིང་དོར་ནགས་སྤེལ་དང་རྩྭ་གསོ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། བྱེ་འགོག་བྱེ་བཅོས། བྱེ་རྡོ་ཅན་བཅོས་སྐྱོང་། ལུང་ཁོག་ཐན་པ་བཅོས་སྐྱོང་སོགས་སྐྱེ་ཁམས་ཀྱི་ལས་གཞི་གཙོ་གནད་སོགས་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་ཡོད། སྟོབས་ཤུགས་ཡོད་དགུས་འབྲི་ཆུའི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་པ། མིག་སྔར་བསླེབས་དུས་སི་ཁྲོན་གྱི་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ལ་ལོ་རེའི་ཆུའི་གསོག་འཁྱོངས་བྱེད་ཚད་ཏུན་དུང་ཕྱུར757.2ལ་བསླེབས་ཏེ་ཆུ་མཛོད་ཆེ་གྲས700ཡི་ཆུ་གསོག་འཇོག་བྱེད་ཚད་དང་འདྲ། ལོ་རེར་ས་ཆུ་ཏུན་དུང་ཕྱུར1.4མི་ཤོར་བ་བྱ་ཐུབ།

     དཔལ་འབྱོར་གྱི་ཁོངས་སུ་དེང་སྐབས་སུ་སི་ཁྲོན་གྱི་ནགས་ལས་ཐོན་ལས་ལ་ཤིང་སྡོམ་འོག་ཏུ་བྱ་རིགས་གསོ་བ་དང་། སྐྱེ་ཁམས་ཡུལ་སྐོར་དང་ནགས་ཚལ་གྱི་སྐྱོན་བྲལ་གསོ་སྤེལ་སོགས་ཀྱི་ལས་རིགས་གསར་པ་གསོ་སྐྱོང་བྱས་ཡོད། 2017ལོའི་ལོ་མཇུག་ཏུ་བསླེབ་དུས་སྨྱུ་གུ་དང་། གཡེར་མ། སྟར་ཀ་སོགས་ཁྱད་ཆོས་ལྡན་པའི་ནགས་ལས་ཐོན་ལས་ཀྱི་གཞི་ཁྱོན་དང་ཐོན་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསླེབས་ཡོད། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཐོན་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར3400ལ་བརྒལ་ཡོད།

     སྤྱི་ཚོགས་ཕན་ནུས་ཐོབ་པའི་ཐད། འདས་པའི་ལོ20རིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སི་ཁྲོན་གྱི་རང་བྱང་ནགས་ཚལ་གྱི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་བྱེད་པར་མ་དངུལ་སྒོར་དུང་ཕྱུར430བཏང་ཡོད། དེའི་རྨང་གཞིའི་ཐོག་སི་ཁྲོན་གྱིས་ནགས་ཚལ་མུའུ་དུང་ཕྱུར2.88ཐམས་ཅད་དོ་དམ་དང་སྲུང་སྐྱོང་བྱ་རྒྱུའི་གཞི་ཁྱོན་དུ་འཇུག་ཡོད། རིམ་རྩིས་བྱས་ན་ཤིང་གཅོད་མཁན་བཟོ་པ་ཁྲི9.1བཀོད་སྒྲིག་བྱས་ཡོད། རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པར་ཁ་གསབ་བྱ་རྒྱུའི་གཞི་ཁྱོན་རྒྱལ་དབང་གི་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་ལ་རྒྱ་སྐྱེད་བཏང་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ཞིང་དུད་ཁྲི589དང་མི་ཁྲི2400ལ་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱས་པའི་ཁེ་ཕན་ཐོབ་པ་རེད།། 


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གླ་ཕོགས་འགྱངས་ཆད་གྱོད་དོན1384ལ་ཞིབ་གཅོད་བྱས་ཡོད།
  • ལེ་ཚན་རྗེས་མ།:རིན་པོ་ཆེ་དག་ལས་གྲུབ་པའི་ཐང་ག་ལན་ཀྲོའུ་རུ་བཤམས་པ།
  • དོ་སྣང་ཆེ་བའི་རྩོམ།