ཡེ་ཤེས་ཀྱིས་བསྒྱུར། 2018-11-15
ཞིན་ཧྭ་གསར་འགྱུར་ཁང་ལན་གྲུ་ནས་ཟླ་བ11པའི་ཚེས2ཉིན་འབྱོར་བའི་གཏམ་གསར། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་སྡེ་ཚན་མང་པོས་གྲོང་གསེབ་ཀྱི་དབུལ་པོ་མི་འབོར་ནད་ཆེན་ཕོག་པར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས10མང་དུ་བསྣན་རྒྱུའི་བརྡ་ཐོ་བཏང་བ་རེད།
ཀན་སུའུ་ཞིང་ཆེན་གྱིས《སྔར་ལས་ལྷག་པར་གྲོང་གསེབ་ཀྱི་དབུལ་པོ་མི་འབོར་ནད་ཆེན་ཕོག་པར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ལས་ཀ་ཇེ་ཡག་ཏུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》ལ་དམིགས་ན། ཀན་སུའུ་ཡི་ས་གནས་ཁག་གིས་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ནད་ཆེན་པོ་ཕོག་པར་ཆེད་དོན་དུ་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ལས་ཀ་སྤེལ་དུས་ལྷན་སྐྱེས་རང་བཞིན་ཅན་གྱི་སྙིང་དོན་ཕོག་པའི་བྱིས་པ་དང་། མིད་པའི་འབྲས་སྐྲན། ཕོ་བའི་འབྲས་སྐྲན། ལོང་གའི་ངན་སྐྲན། གཞང་དཀར་ནག་གི་འབྲས་སྐྲན། མིད་འབྲས། མངལ་སྐེའི་འབྲས་སྐྲན། སྨྱོ་ནད་ཚབས་ཆེན། མཁལ་གཅོང་། རྡུལ་ཕོག་གློ་ནད་སོགས་ནད་གཞི་ལྕི་པོ་ཕོག་པའི་ནད་པ་དམིགས་སུ་བཀར་ནས་སྲོག་སྐྱོབ་སྨན་བཅོས་བྱས་པའི་རྨང་གཞིའི་ཐོག་མཆིན་པའི་འབྲས་སྐྲན་དང་། སྙིང་རྩ་འཚང་ནད། བར་འགྲིབ། དབང་རྩའི་མ་གཞི་ཕྲ་ཕུང་སྐྲན། བྱིས་པ་རྨེན་བའི་སྐྲན་དང་། རུས་པའི་ཤ་སྐྲན། ཁྲག་ཐོན་སླ་བའི་ནད། ས་དབུས་རྒྱ་མཚོའི་ཁྲག་ཞན། ཁ་ཤོ་རྐན་ཤོ། གཅིན་ལམ་འོག་ཧྲལ་སོགས་ཀྱི་ནད་རིགས་དམིགས་སུ་བཀར་ནས་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་བསྣན་ནས་ཁྱོན་བསྡོམས་ནད་རིགས་སྣ་ཁ21དམིགས་སུ་བཀར་ནས་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཡིས་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ལ་གྲོང་གསེབ་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་དང་། དམངས་སྲིད་སྡེ་ཁག་གིས་ཞིབ་དཔྱད་ཆོག་མཆན་བཀོད་པའི་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་བཅས་རེད།
གཏན་འབེབས་བྱས་པར་ལྟར། ཀན་སུའུ་ཡི་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོའི་ནད་གཞི་ལྕི་པོ་ཕོག་པའི་ནད་པ་མི་སྒེར་གྱིས་རྩིས་རྒྱག་པའི་ལུགས་མཐུན་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་པོའི་སྨན་བཅོས་འགན་བཅོལ་སོགས་རྩིས་ཞུ་བྱས་རྗེས་རིམ་རྩིས་བྱས་ན་སྒོར3000ཡན་ལས་བརྒལ་བའི་ཆ་ནི་དམངས་སྲིད་སྡེ་ཁག་གིས་སྨན་བཅོས་སྐྱོབ་རོགས་བྱས་པར་བརྒྱུད་ཚང་མ་ཐག་གཅོད་རོགས་བྱ་རྒྱུ་ཡིན་ཞིང་། སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་མི་འདང་བའི་སྐབས་ལ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་བྱ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10