སྐད་གཉིས་དགེ་རྒན་གསོ་སྐྱོང་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག

ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།        2018-11-14

སྐད་གཉིས་དགེ་རྒན་གསོ་སྐྱོང་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག

སྤྱི་ཟླ11པའི་ཚེས10ཉིན། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོས་གཙོ་གཉེར་བྱས་ཤིང་། སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་སྒྲུབ་འགན་ཁུར་བའི་སྐད་གཉིས་དགེ་རྒན་གསོ་སྐྱོང་ཚོགས་འདུ་སྐབས་དང་པོ་དེ་སི་ཁྲོན་མི་རིགས་གྲྭ་ཆེན་མོའིAཁུལ་སྒྱུ་རྩལ་ཐོག་ཁང་གི་གྲོས་ཚོགས་ཁང་དུ་འཚོགས་ཤིང་། ཞིང་གཅིག་ཁུལ་གཉིས་ནས་ཕེབས་པའི་འབྲེལ་ཡོད་མི་སྣས་ཉིན3གྱི་འཚོག་ཡུན་ནང་དུ་སྐད་གཉིས་དགེ་རྒན་གསོ་སྐྱོང་སྐོར་གྱི་གྲོས་གཞི་ཁག་དགུ་ལ་དམིགས་ནས་གཞི་ཁྱོན་ཆེ་ལ་སྤུས་ཚད་མཐོ་བའི་བགྲོ་གླིང་དོན་སྙིང་ལྡན་པ་ཞིག་སྤེལ་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲན་ཞན་ཡུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས་ཤིང་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཀུའོ་ཆིང་དབྱི་ཡིས་ཤིས་ཚིག་ཕུལ་བ་དང་དཀར་མཛེས་ཁུལ་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལིའུ་ཁང་ཧྥེ། སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་དོན་ཁྲུའུ་ཡི་འགོ་འཛིན་ལུའོ་ཁྲུན་ལིན། སི་ཁྲོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་མུ་པོ་བཅས་ཀྱིས་གསུང་བཤད་གནང་བ་རེད།

ཐེངས་འདིའི་སྐད་གཉིས་དགེ་རྒན་གསོ་སྐྱོང་ཚོགས་འདུ་ཐོག་སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་གཞོན་པ་བུ་ཆུང་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་མི་རིགས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཤེས་རབ་འཚོ་སོགས་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་དང་སློབ་ཆེན་ཁག་དང་། རྔ་བ་ཁུལ། དཀར་མཛེས་ཁུལ་བཅས་ནས་ཡོང་བའི་སློབ་དཔོན་ཆེན་པོ་དང་ཆེད་རམས་པ། སློབ་གཙོ། སློབ་གསོ་ལས་དོན་པ། གཞི་རིམ་གྱི་དགེ་རྒན་བཅས་མི60ལྷག་མཉམ་དུ་འཛོམས་ནས་བོད་རྒྱ་སྐད་གཉིས་ཀྱི་ཆེད་ལས་གསར་འཛུགས་དེ་ས་གནས་དགོས་མཁོ་དང་མཐུན་དགོས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་དགེ་འོས་མི་སྣ་གསོ་སྐྱོང་ཇུས་གཞིའི་སྐབས་བསྟུན་རང་བཞིན་དང་ཁ་གཏད་རང་བཞིན། གཞི་རིམ་སློབ་གསོ་ཁྲོད་ཀྱི་བོད་རྒྱ་སྐད་གཉིས་སློབ་གསོའི་གནས་བབས་དང་གནད་དོན། བོད་རྒྱ་སྐད་གཉིས་དགེ་རྒན་གྱི་རྩ་བའི་འབྱུང་སྤུས་རེ་བ། བོད་རྒྱ་སྐད་གཉིས་ཀྱི་འཇོན་ཐང་མི་སྣ་སྐྱོང་བའི་སློབ་གྲྭ་མཉམ་འབྲེལ་གྱིས་ཤེས་ལྡན་མི་སྣ་སྐྱོང་ཐབས་འཚོལ་བ། བོད་རྒྱ་སྐད་གཉིས་ཆེད་ལས་ཀྱི་སློབ་མའི་དོ་དམ། མཐོ་རྒྱུགས་ཀྱི་རྣམ་པ་གསར་བའི་འོག་བོད་རྒྱ་སྐད་གཉིས་ཆེད་ལས་ཀྱི་སློབ་བསྡུ་ལས་དོན་བཅོས་བསྒྱུར། བོད་རྒྱ་སྐད་གཉིས་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས། དངོས་སྦྱོང་རྟེན་གཞི་འཛུགས་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཉམས་མྱོང་སྤེལ་རེས་བྱས་པ་རེད།

ཐེངས་འདིའི་སྐད་གཉིས་དགེ་རྒན་གསོ་སྐྱོང་ཚོགས་འདུ་ནི་རང་རེའི་ཞིང་ཆེན་ལ་མཚོན་ན་ཐེངས་དང་པོ་ཡིན་ཞིང་། ཚོགས་ཞུགས་མི་སྣའི་བློ་རིག་གཅིག་ཏུ་འདུས་པའི་གྲུབ་འབྲས་ལས་བོད་ཁུལ་སྐད་གཉིས་དགེ་རྒན་གསོ་སྐྱོང་གི་སྒོ་འཕར་གསར་པ་ཞིག་སླར་ཡང་འབྱེད་ཐུབ་ངེས་རེད་ཅེས་ཚོགས་ཞུགས་འཐུས་ཚབ་མི་སྣ་ཚང་མས་མགྲིན་གཅིག་ཏུ་དེ་ལྟར་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་མི་རིགས་སློབ་ཆེན་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གསར་དུ་བཙུགས་ཤིང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་སྐྱོང་གནང་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱི་གཉེར་དངོས་གཞི་མཐོ་རིམ་སློབ་ཆེན་ཞིག་ཡིན། 1985ལོར་སློབ་གྲྭ་འདི་ཐོག་དང་པོར་གསར་དུ་འཛུགས་དུས་ཀྱི་མིང་ལ་དར་མདོ་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་རུ་བཏགས།1986ལོ་ནས་སློབ་མ་བསྡུ་བའི་མགོ་དངོས་སུ་བརྩམས།1992ལོར་སློབ་གྲྭའི་མིང་དར་མདོ་མི་རིགས་དགེ་ཐོན་མཐོ་རིམ་ཆེད་གཉེར་སློ་གྲྭར་བསྒྱུར། 2008ལོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་གསོའི་ཐོན་ཁུངས་སྡེབ་སྒྲིག་ལེགས་བཅོས་སུ་བཏང་ཞིང་།2009ལོའི་ཟླ3པར། སློབ་གསོ་པུའུ་ཡིས་ཆོག་མཆན་གནང་སྟེ་སི་ཁྲོན་མི་རིགས་སློབ་ཆེན་དུ་རིམ་འཕར་བྱུང་། 2013ལོའི་ཟླ6པར། ཤེས་རམས་བསླབ་གནས་སྤྲོད་པའི་དབང་བཅོལ་དཔྱད་ཞིབ་བརྒྱུད་དེ། ཤེས་རམས་བསླབ་གནས་སྤྲོད་པའི་ཐོབ་ཐང་དངོས་སུ་བླངས། 2015ལོའི་ཟླ11པར། སློབ་གསོ་པུའུ་ཡིས་དངོས་གཞིའི་སློབ་ཁྲིད་ལས་དོན་གྱི་ཚད་མཐུན་དཔྱད་ཞིབ་དང་དུ་བླངས་ཡོད་པ་རེད།

ད་ལྟ་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ800ལྷག་ཡོད་ཅིང་། དེ་ལས་མཐོ་རིམ་ཡོན་གནས་ཡན་གྱི་ཆེད་ལས་ལག་རྩལ་བ160ལྷག་དང་། རབ་འབྱམས་པ་བསླབ་གནས་ཡན་གྱི་དགེ་བཟོ་བ250ལྷག་ཡོད། འདིར་བོད་རིག་པའི་སློབ་གླིང་དང་། མར་ཁེ་སི་རིང་ལུགས་སློབ་གླིང་། རྩོམ་རིག་སློབ་གླིང་། ཕྱི་སྐད་སློབ་གླིང་། དཔལ་འབྱོར་དང་དོ་དམ་སློབ་གླིང་། ཁྲིམས་རིག་སློབ་གླིང་། རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང14འདུས་ཡོད། ད་སྔ་དངོས་གཞིའི་ཆེད་ལས29དང་། ཆེད་སྦྱོང་ཆེད་ལས་དང་མི་རིགས་སྔོན་ཚན་སློབ་གསོའི་ཚན་ཁག14ཡོད་ཅིང་། དེ་དག་གི་ཁོངས་སུ་རྩོམ་རིག་དང་། རང་བྱུང་ཚན་རིག བཟོ་སྐྲུན་རིག་པ། སློབ་གསོ་རིག་པ། དོ་དམ་རིག་པ། ཁྲིམས་རིག་པ་སོགས་ཀྱི་རིག་ཚན10འདུས་ཡོད། ད་ལྟར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་མ9500ལྷག་ཡོད་པ་རེད།

  སློབ་གྲྭ་དེས་དཀར་མཛེས་བོད་ཁུལ་དང་སི་ཁྲོན་མི་རིགས་ས་ཁུལ་ལ་ཞབས་ཞུ་བསྒྲུབ་པའི་ཁུར་ཆེན་ཕྲག་ཏུ་བཞེས་ཤིང་། ད་ལྟའི་བར་དུ་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་པའི་དངོས་གཞི་དང་ཆེད་སྦྱོང་སློབ་མ30000ལྷག་གསོ་སྐྱོང་གནང་ཡོད། དེ་ལས་མི15000ལྷག་བོད་ཁུལ་གྱི་ཆེས་གཞི་རིམ་དུ་བསྐྱོད་དེ་དེང་རབས་ཤེས་རིག་ཁྱབ་སྤེལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྒྲོག་སྤེལ་གནང་མུས་སུ་ཡོད་ལ། ཕལ་ཆེར་བ་ལས་གནས་དེ་གའི་རྐང་འཛིན་པར་གྱུར་ཡོད། མི2000ལྷག་གཞི་རིམ་གྱི་འགན་འཛིན་པའི་ལས་གནས་སུ་རིགས་སོ་སོའི་མི་དམངས་ལ་ཞབས་འདེགས་ཞུས་ཏེ། བོད་ཁུལ་གྱི་ཆབ་སྲིད་གཏན་འཇགས་ལ་འགན་སྲུང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པ་རེད།

ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

སྐད་གཉིས་དགེ་རྒན་གསོ་སྐྱོང་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:ཀན་སུའུ་ཡིས་གྲོང་གསེབ་དབུལ་ཕོངས་མི་འབོར་ནད་ཆེན་ཕོག་པར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་མང་དུ་བསྣན།
  • དོ་སྣང་ཆེ་བའི་རྩོམ།