དབྱངས་ཅན་གྱིས་བསྒྱུར། 2018-10-31
ཁྲོན་བོད་ལྕམས་ལམ་ནི་མི་རིགས་མཐུན་སྒྲིལ་ཡོང་བའི་ལྕགས་ལམ་ཞིག་ཡིན།
ཁྲོན་བོད་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་ལས་རྗེས་རང་རྒྱལ་གྱི་བོད་ཁུལ་དུ་བསྐྱོད་པའི་ལྕགས་ལམ་གཉིས་པ་ཡིན་པ་རེད།
རིང་ཚད་སྤྱི་ལེ1629ཡོད་པའི་ལྕགས་ལམ་འདི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་ལས་གཞི་ཡིན། ཤར་སི་ཁྲོན་ཁྲེང་ཏུའུ་ནས་འགོ་བརྩམས་ཏེ་ལམ་བར་དུ་གཡག་རྔ་དང་རང་ཁུལ་ནས་བརྒྱུད་རྗེས། དེ་ནས་བོད་ལྗོངས་སྤོ་མེས་དང་། ཉིང་ཁྲི། གོང་དཀར་སོགས་ས་ཁུལ་ནས་བརྒྱུད་དེ་མཐར་ལྷ་སར་བསླེབ་ཐུབ་པ་རེད། ལྕགས་ལམ་དེ་བསྐྲུན་རྗེས་ཁྲེང་ཏུའུ་ནས་ལྷ་སའི་བར་མེ་འཁོར་དུ་བསྡད་ན་དུས་ཡུན་ཆུ་ཚོད8ལས་མི་འགོར་བས། ལྕགས་ལམ་དེ་རིམ་པ་ཆེས་མཐོ་བ་དང་། ཆེས་མགྱོགས་པ། ཆེས་སྟབས་བདེ་བའི་བོད་ལྗོངས་སུ་འགྲོ་བའི་ནུབ་རྒྱུད་ལམ་ཆེན་ཞིག་ཏུ་འགྱུར་ཐུབ་ལ། བོད་ལྗོངས་དང་འབྲི་ཆུའི་ཟུར་གསུམ་ཁུལ་དང་མུ་ཏིག་གཙང་པོའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་དར་ཁུལ་ཆེན་པོ་གཉིས་སྦྲེལ་བའི་མགྱོགས་ལམ་ཞིག་ཏུའང་འགྱུར་རྒྱུ་རེད།
ཡང་སྒོས་སུ་ལྕགས་ལམ་འདིའི་སྣེ་གཅིག་ནི་རང་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་ཆགས་པའི་བོད་ལྗོངས་དང་འབྲེལ་ཞིང་། སྣེ་གཅིག་ལྷོ་ནུབ་དབུས་དཀྱིལ་ས་ཁུལ་དུ་ཆགས་པའི་སི་ཁྲོན་དང་འབྲེལ་བར་བརྟེན། ས་ཁུལ་གཉིས་དབུལ་ཐར་ཕྱུག་འགྱུར་ཡོང་བར་ཕན་པའི་ལམ་བུ་ཞིག་དང་། གྲངས་ཉུང་མི་རིགས་མང་པོ་གཅིག་ཏུ་སྦྲེལ་བའི་མཛའ་མཐུན་གྱི་ལམ་བུ་ཞིག་ཀྱང་ཡིན་པ་རེད། བོད་ལྗོངས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ལྔའི་ཡ་གྱལ་ཞིག་ཡིན་པ་དང་། སི་ཁྲོན་ཞིང་ཆེན་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་མངའ་ཁོངས་སུ་ཀྲུང་གོའི་བོད་ཁུལ་ཆེན་པོ་གཉིས་པ་དང་ཀྲུང་གོའི་ཆེས་ཆེ་བའི་དབྱིས་རིགས་ས་ཁུལ། ཀྲུང་གོའི་ཆའང་རིགས་རང་སྐྱོང་རྫོང་ཁོ་ན་བཅས་གནས་ཡོད་པ་རེད། དེའི་ནང་རང་ཁུལ་ནི་ཁམས་བོད་རིག་གནས་ཀྱི་ལྟེ་གནས་ས་ཁུལ་ཡིན།
ཁྲོན་བོད་ལྕགས་ལམ་གྱི་དོན་སྙིང་ནི་ཙུང་ལི་ལི་ཁེ་ཆང་ལགས་ཀྱིས་ཉེ་སྔོན་གཟིགས་ཞིབ་གནང་སྐབས་བསྟན་པ་ལྟར། ཁྲོན་བོད་ལྕམས་ལམ་བསྐྲུན་རྗེས་མཚོ་བོད་ལྕགས་ལམ་བསྐྲུན་རྗེས་སུ་ཡང་དུ་འཛམ་གླིང་ཡང་རྩེ་ནས་ནང་ལོགས་ས་ཁུལ་དུ་ཤར་གཏོང་ཐུབ་པའི་ལམ་ཆེན་ཞིག་ཏུ་འགྱུར་བ་དང་། དེས་བོད་ལྗོངས་དང་རང་ཁུལ་འཕེལ་རྒྱས་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་། བོད་ལྗོངས་མི་དམངས་ཀྱི་རེ་སྒུག་ཡིན་ལ། རང་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ལོ་མང་རིང་གི་རེ་སྨོན་དང་རྒྱལ་ཡོངས་མི་དམངས་ཀྱི་རེ་འདུན་ཡང་དེ་བས་ཡིན་པ་རེད།
ཚེས10ཉིན་གྱི་དགོང་མོར་དར་མདོ་གྲོང་ཁྱེར་གྱི་ཡུལ་མི་ཏུའུ་ཧྥེང་གིས《གསར་འགྱུར་མཉམ་བསྒྲགས》ནས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་གྱི་ཨར་ལས་ཁྱོན་ཡོངས་སུ་སྐྲུན་འགོ་འཛུགས་པའི་གསར་འགྱུར་ཐོས་རྗེས། སེམས་འགུལ་རབ་ཏུ་ཐེབས་ནས་ལྕགས་ལམ་འདི་རང་རེའི་སྒོ་ཁར་ནས་གདིང་གྲབས་ཡོད་པས། འབྱུང་འགྱུར་གྱི་དཀར་མཛེས་ཁུལ་ལ་རེ་བ་ཆེན་པོ་ཡོད་ཅེས་བཤད་པ་དང་། ལྷ་སར་ལས་དོན་སྒྲུབ་བཞིན་ཡོད་པའི་ཝུའུ་ཏུང་གིས་འཕྲིན་ཕྲན་གྱི་གྲོགས་ཚོམས་སུ་དེ་མ་ཐག་གནས་ཚུལ་བཀོད་དེ་མེ་འཁོར་བསྡད་དེ་ཕ་ཡུལ་དུ་ལོག་པར་སྟབས་བདེ་མོ་འགྱུར་ངེས་ཞེས་བྲིས་འདུག
ཁྲོན་བོད་ལྕམས་ལམ་ནི་འཛམ་གླིང་ཐོག་ཆེས་དཀའ་ཚེགས་ཆེ་བའི་ཨར་ལས་ཡིན།
ཁྲོན་བོད་ལྕགས་ལམ་དེ་ཁྲེང་ཏུའུ་ནས་གཡག་རྔ་དང་། དར་མདོ། ཆབ་མདོ། ཉིང་ཁྲི། ལྷོ་ཁ་སོགས་བརྒྱུད་ནས་ལྷ་སར་བསླེབ་པར་དུམ་མཚམས་བཞི་བགོས་ནས་བསྐྲུན་དགོས་པ་སྟེ།
ཁྲེང་ཏུའུ་ནས་གཡག་རྔའི་བར་ལམ་ཐག་སྤྱི་ལེ41.184ཡོད་ཅིང2014ལོའི་ལོ་མཇུག་ཏུ་བསྐྲུན་འགོ་བཙུགས་ནས་ཨར་ལས་བཟོ་སྐྲུན་བྱེད་ཡུན་བསྡོམས་པས་ལོ3ཡིན། མིག་སྔར་གཡག་རྔ་ས་ཚུགས་ཀྱི་ལམ་ཁོག་ཨར་ལས་གྲུབ་ནས་ནང་གི་སྒྲིག་སྦྱོར་བྱེད་བཞིན་ཡོད་ལ་སྔོན་དཔག་བྱས་ན་ད་ལོར་ཤར་གཏོང་ཐུབ་རྒྱུ་རེད། གཡག་རྔ་ནས་དར་མདོ་བར་ལམ་ཐག་སྤྱི་ལེ299.482ཡོད་ཅིང་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་ལས་ཀ་གྲུབ་ཟིན། དར་མདོ་ནས་ཉིང་ཁྲི་བར་ལམ་ཐག་སྤྱི་ལེ998.61ཡོད་ཅིང་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་གྲ་སྒྲིག་ལས་ཀ་གྲུབ་ཟིན། ལྷ་ས་ནས་ཉིང་ཁྲི་བར་ལམ་ཐག་སྤྱི་ལེ403.11ཡོད2014ལོའི་ལོ་མཇུག་ཏུ་ལས་འགོ་བཙུགས་ནས་ལམ་ཁོག་ཨར་ལས་བདེ་བླག་ངང་བསྐྲུན་ཟིན།
ཁྲོན་བོད་ལྕགས་ལམ་བསྐྲུན་པར་ཐོག་མར་ས་བབ་ཀྱི་ཧེ་བག་ཆེན་པོའི་དཀའ་ངལ་ཁྱད་བསད་བྱ་དགོས། ཇུས་འགོད་བྱེད་མཁན་གྱིས་བཤད་པ་ལྟར། ལྕགས་ལམ་བརྒྱ་ཆ80ཡན་ཆད་ཕུག་ལམ་དང་ཟམ་པ་ལས་གྲུབ་ཅིང་རིམ་བརྩིས་ཀྱིས་མཐོ་ཚད་སྨི་ཁྲི1.6ལྷག་གྱེན་ལར་འཛེག་དགོས་པས་ཇོ་མོ་གླང་མ་གཉིས་ཀྱི་མཐོ་ཚད་དང་འདྲ་བ་རེད།
མཚོ་འཕགས་སྨི700ཡོད་པའི་གཡག་རྔའི་ནུབ་རྒྱུད་ཕྱོགས་ཀྱི་འགག་སྨད་དང་ལྕགས་ཟམ་རྫོང་གི་བར། ལམ་ཐག་སྤྱི་ལེ་བཅུ་ཁ་ཤས་དང་གཏིང་ཟབ་ཚད་སྨི1500ཡོད་པའི་ཕུག་ལམ་ནས་འུ་ལག་རི་བོར་བརྒྱུད་དེ་སྨི600ལྷག་གྱེན་ལ་འཛེགས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་མཚོ་འཕགས་སྨི1300ཡོད་པའི་ལྕགས་ཟམ་རྫོང་དུ་བསླེབས། དེ་ནས་དར་མདོ་བར་རྒྱང་ཐག་སྤྱི་ལེ30ལས་མེད་ཀྱང་མཚོ་འཕགས་སྨི2530ཡོད་སར་བསླེབས་ཤིང་སྨི1200འཕར་བས་སྤྱི་ལེ་རེར་སྨི40ཇེ་མཐོར་ཕྱིན་པ་རེད།
དར་མདོའི་ནུབ་ཕྱོགས་ནས་ད་དུང་མུ་མཐུད་དེ་གྱེན་ལ་སྨི1800འཛེགས་ནས་མཚོ་འཕགས་སྨི4300ཡོད་པའི་ཁམས་པའི་འགག་མདོ་དང་པོ་སྟེ་དར་མདོའི་རྒྱུ་ལར་བརྒལ་ཞིང་། ལི་ཐང་དུ་བརྒྱུད་ནས་མཚོ་འཕགས་སྨི4650ཡོད་པའི་མཚོ་ལ་ཉག་ཁ་བརྒལ་བས་ན་རྒྱང་ཐག་སྤྱི་ལེ14ཡི་ནང་མཚོ་འཕགས་སྨི1000མར་དམའ་བ་དང་། དེ་ནས་མུ་མཐུད་སྨི1100དམའ་བར་ཕྱིན་ནས་མཚོ་འཕགས་སྨི2550ཡོད་པའི་འབའ་ཐང་དུ་བསླེབས་རྗེས་འབྲི་ཆུ་བརྒལ་ནས་བོད་ལྗོངས་ཀྱི་ས་མཚམས་སུ་བསླེབ་པ་རེད།
དེ་རྗེས་ཡང་རོང་ཡུལ་ནས་གྱེན་ལ་སྨི1300འཛེགས་རྗེས་མཚོ་འཕགས་སྨི3900ལ་ཉེ་བའི་སྨར་ཁམས་རྫོང་ལ་བསླེབས། མཚོ་འཕགས་སྨི4300ཡོད་པའི་ལྷ་བོ་རི་དང་ཇོ་པ་རི་བརྒལ་རྗེས་དེ་ནས་ཡང་སྨི1700བར་མར་བབས་ནས་མཚོ་འཕགས་སྨི2630ཡོད་པའི་རོང་མེ་གྲོང་རྡལ་གྲུ་ཁ་གྲོང་སྡེར་བསླེབས་ཏེ་ཟླ་ཆུའི་གྲོག་ངོགས་ནས་ཐད་ཀར་རྒྱང་ཐག་སྤྱི་ལེ2ལས་མེད་པའི་ས་ནས་སྨི800ཡར་འཛེགས་རྗེས་མཚོ་འཕགས་སྨི3850ཡོད་པའི་ཇོ་པ་རི་བོའི་ལ་ཉག་ཁ་ཡོད་སར་བསླེབས།
དེ་ནས་མཚོ་འཕགས་སྨི5100ཡོད་པའི་དུང་མདའ་ལའི་ལ་ཉག་བརྒྱུད་ནས་ཡང་སྨི1300མར་བབས་ཏེ་སྨི3800ཡོད་པའི་མཛོ་སྒང་རྫོང་དུ་བསླེབ་ཐུབ།
གཡག་རྔའི་མེ་འཁོར་འབབ་ཚུགས་ནས་ལྕགས་ཟམ་རྫོང་དེ་ནས་དར་མདོའི་མེ་འཁོར་འབབ་ཚུགས་སུ་བསླེབས་ཚེར་མཚོ་འཕགས་སྨི607ནས་སྨི1700དེ་ནས་སྨི2700བར་ཡར་འཕར་ཞིང་། རྒྱང་ཐག་སྤྱི་ལེ38ཡོད་པའི་རྒྱུ་ལའི་ཕུག་ལམ་བརྒྱུད་དེ་མཚོ་འཕགས་སྨི3300སར་བསླེབས་པས་ཡར་འདེགས་མར་འབེབས་ཀྱི་ཚོར་བ་ཤིན་ཏུ་སྐྱེན་པ་ནི་སྨོས་མི་དགོས་པ་རེད།
ཆེས་ཁྱད་མཚར་བ་ནི་རིང་ཚད་སྨི1000ལྷག་ཡོད་པའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་བར་སྣང་དུ་དཔྱང་བའི་ལྕགས་ལམ་ཟམ་པ་དེ་རྒྱལ་ནང་གི་ཆེས་རིང་བའི་ལྕགས་ལམ་ཟམ་པ་ཡིན། བཤད་སྲོལ་བལྟས་ན་མེ་འཁོར་ས་ཚུགས་ཟམ་པའི་ཐོག་ཡོད་པས་འབྱུང་འགྱུར་མེ་འཁོར་བསྡད་དེ་ལྷ་སར་འགྲོ་སྐབས་ཕལ་ཆེར་སྨི200ཅན་གྱི་གློག་སྐས་ཐོག་བསྡད་དགོས་རྒྱུ་རེད།
ལྕགས་ལམ་ཧྲིལ་པོའི་ཆེས་དཀའ་ཚེགས་ཆེ་ཞིང་ཧ་ལས་དགོས་པ་དང་བསམ་ཡུལ་ལས་འདས་པ་ཞིག་ནི་ཆབ་མདོ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དེ་ཡིན།
རྒྱལ་སྲུང་གཞུང་ལམ318པའི་རྒྱུད་ལམ་ལྟར་ན། སྔོན་མར་མཚོ་འཕགས་སྨི4658ཡོད་པའི་ཡེ་ལ་རི་བོའི་ལ་ཉག་ཐོག་འཛེགས་རྗེས། དེ་ནས་སྐད་གྲགས་ཆེ་བའི་ནག་ཆུའི་ཆུ་ཁུག72བརྒྱུད་ཅིང་སྤྱི་ལེ2གྱི་ནང་ཚུད་དུ་སྨི600མར་བབས་ནས་མཚོ་འཕགས་སྨི3600ཡོད་པའི་སར་བསླེབས། དེ་ནས་སྨི2950མར་བབས་ནས་ནག་ཆུའི་གྲོག་རོང་དུ་སླེབས་ཤིང་ཤར་རྒྱུད་ནས་ཆུ་བོ་གྱེན་འདེད་བྱས་ཏེ་སྤྱི་ལེ10ཡི་སར་ལྕགས་ལམ་ཧྲིལ་པོའི་ས་འགག་གཙོ་བོ་སྟེ་ནག་ཆུ་ཟམ་པར་བསླེབས་པ་རེད།
འབྱུང་འགྱུར་དུ་བསྐྲུན་དགོས་པའི་ཁྲོན་བོད་ལྕགས་ལམ་གྱི་ཆེས་ཆེ་བའི་ནག་ཆུ་ཟམ་པ་དེའི་ཟམ་ངོས་ནས་ནག་ཆུའི་ཆུ་ངོས་བར་རྒྱང་ཐག་སྨི700ཡོད་ཅིང་དེ་ཧྲང་ཧའེ་ཡི་ལྟེ་བའི་ཐོག་ཁང་ཆེན་མོའི་རྩེ་མོ་ལས་ད་དུང་སྨི70མཐོ་ཞིང་ལྟ་སྐོར་བྱེད་སའི་ཁང་བརྩེགས་ལས་སྨི150མཐོ། ཀོང་ཀྲུའུ་མཆོན་རྟེན་གྱི་རྩེ་མོའི་ལྟ་སྐོར་བྱེད་ས་ལས་སྨི250མཐོ་བས་ན་མཁའ་དབྱིངས་སུ་འཕུར་འགྲོ་བ་དང་ཀུན་ནས་མཚུངས། སྤྱིའི་རིང་ཚད་སྨི1300ལྷག་དང་ལྗིད་ཚད་ཏུན་ཁྲི་ཡོད་པའི་ངར་ལྕགས་ཟམ་ཆེན་དེ་མིའི་རིགས་ལ་མཚོན་ན་སྔར་བྱུང་མ་མྱོང་བའི་ཨར་ལས་ཞིག་ཡིན་ཐག་ཆོད་རེད།
ཁྲོན་བོད་ལྕགས་ལམ་གྱི་ཕུག་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ1400ཡོད་ཅིང་ལྕགས་ལམ་སྤྱིའི་རིང་ཚད་ཀྱི་བརྒྱ་ཆ80ལ་ཟིན་ཡོད། དེའི་ནང་གཡག་རྔ་ནས་ར་རྔ་ཁའི་བར་སྤྱི་ལེ200ལྷག་ཡོད་པའི་ལམ་ཐག་ནང་ཕུག་ལམ་གྱི་སྤྱིའི་རིང་ཚད་བསྡོམས་པས་སྤྱི་ལེ200ཡོད། འུ་ལག་རི་བོའི་ཕུག་ལམ་དེ་ཕུག་གཅིག་ལམ་གཉིས་སམ་ཕུག་གཉིས་ལམ་གཅིག་གང་ཞིག་བསྐྲུན་རྒྱུ་ནི་ད་དུང་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། ཕུག་གཉིས་ལམ་གཅིག་ཅན་ཡིན་ཤས་ཆེ་ཚོད་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10