ཝང་ཆི་ཧྲན་གྱིས་ཕ་ལེ་སི་ཐན་ལ་འཚམས་འདྲི་མཛད།

    མི་དམངས་དྲ་བ།    2018-10-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་སྲིད་གཞུང་གིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་ཉེར་གསུམ་ཉིན་ཕ་ལེ་སི་ཐན་ལ་འཚམས་འདྲི་མཛད་པ་དང་། ལཱ་མ་ལཱ་ནས་ཙུང་ལི་ཧ་མུའུ་ཏེ་ལར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་ནི་ཆེས་སྔོན་ལ་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་དང་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་བླངས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དུས་གཏན་དུ་ཕ་ལེ་སི་ཐན་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད། དབུས་ཤར་ཞི་བདེའི་འཕེལ་རིམ་འགོ་བརྩམས་རྗེས། ཀྲུང་གོས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བའི་གྲོས་མོལ་བྱས་ཏེ་འགལ་བ་ཐག་གཅོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། གནས་བབ་གསར་པའི་འོག་ཏུ། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་ཞི་བའི་གྲོས་མོལ་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་དྲང་གཞག་གིས་ཐག་གཅོད་རྒྱུའི་འདོད་བློ་བཅངས་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཞི་བདེ་ཡར་སྐུལ་ཐད་ནས་འབད་བརྩོན་སྔར་ལས་ཆེན་པོ་བྱེད་པ་དང་ཞི་བདེ་ཡར་སྐུལ་རྐྱེན་སྲོལ་གསར་གཏོད་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག མཐར་ཐུག་གིས་ཐག་གཅོད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

ཝང་ཆི་ཧྲན་གྱིས་ཀྲུང་གོས་ཕ་ལེ་སི་ཐན་ཕྱོགས་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་གཟེངས་བསྟོད་དང་དགའ་བསུ་ཞུ་བཞིན་ཡོད་ལ། སྟོབས་འབྱོར་ཅན་གྱི་ཀྲུང་གོའི་ཁེ་ལས་ཕ་ལེ་སི་ཐན་ལ་དངུལ་གཏོང་ལས་སྤེལ་བྱེད་དུ་འགྲོ་བར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་མུ་མཐུད་དུ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཕ་ལེ་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་ལོན་ཡིན་པས། ཀྲུང་གོས་ཕ་ལེ་སི་ཐན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བའི་ཁྲིད་སྟོན་འོག་ཏུ། ཀྲུང་གོ་དང་ཕ་ལེ་སི་ཐན་གྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧ་མུའུ་ཏེ་ལ་ཡིས་བསྟན་དོན། ཕ་ལེ་སི་ཐན་གྱིས་ཀྲུང་གོས་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་འགྱུར་མེད་བྱས་པ་དང་། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ནས་ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་བཟུང་བར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པའི་འདོད་བློ་བཞི་ལ་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཀྲུང་གོས་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད། ཕ་ལེ་སི་ཐན་གྱིས་ཀྲུང་གོའི་བར་གྱི་འབྱོར་འཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དག་གཙང་ནུས་ཁུངས། འཇོན་མི་སྐྱེད་སྲིང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།

མཇལ་འཕྲད་ཀྱི་རྗེས་སུ། འགོ་ཁྲིད་པ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཕ་ལེ་སི་ཐན་གྱི་རང་དབང་ཉོ་འཚོང་ཁུལ་འཛུགས་པར་གྲོས་མོལ་བྱེད་པའི་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་བཀོད་པར་བདེན་དཔང་བྱས། མཇལ་འཕྲད་ཀྱི་སྔོན་ལ། ཧ་མུའུ་ཏེ་ལ་ཡིས་ཝང་ཆི་ཧྲན་ལ་དགའ་བསུའི་མཛད་སྒོ་བསྡུས།  །


  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་མཆན་བཀོད་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:ཧན་ཀྲིན་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ནས་ལོ་འཁོར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས།
  • དོ་སྣང་ཆེ་བའི་རྩོམ།