སྡེ་ཚན་གསུམ་གྱིས་ཐུན་མོང་དུ་རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འདུན་མོས་དང་བྱ་སྤྱོད་ཡིག་ཆ་ཁྱབ་བསྒྲགས་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2015-04-03

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས28ཉིན་འབྱོར་བའི་གཏམ་གསར།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་བཅོལ་གནང་བ་ལྟར།རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་།ཕྱི་འབྲེལ་པུའུ།ཚོང་དོན་པུའུ་གསུམ་གྱིས་མཉམ་དུ་གོང་ཚེས་ཉིན་《ཐུན་མོང་དུ་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་འགྲུལ་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འདུན་མོས་དང་བྱ་སྤྱོད་ཡིག་ཆ》གསལ་བསྒྲགས་བྱས་པ་རེད།
  འདུན་མོས་དང་བྱ་སྤྱོད་ཡིག་ཆ་དེར་ཁག་བརྒྱད་བགོས་ཡོད་པ་སྟེ།གཅིག་ནི་དུས་རབས་ཀྱི་རྒྱབ་ལྗོངས།གཉིས་ནི་ཐུན་མོང་དུ་བསྐྲུན་རྒྱུའི་རྩ་དོན།གསུམ་ནི་སྒྲོག་གཞིའི་བསམ་ཕྱོགས།བཞི་ནི་མཉམ་ལས་བྱ་རྒྱུའི་གཙོ་གནད།ལྔ་ནི་མཉམ་ལས་བྱ་རྒྱུའི་ནང་རྐྱེན།དྲུག་ནི་ཀྲུང་གོའི་ས་གནས་སོ་སོའི་སྒོ་འབྱེད་གནས་བབ།བདུན་ནི་ཀྲུང་གོས་བྱ་སྤྱོད་ཧུར་ཐག་སྤེལ་བ།བརྒྱད་ནི་ཐུན་མོང་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུ་བཅས་སོ།།
  འདུན་མོས་དང་བྱ་སྤྱོད་ཡིག་ཆའི་ནང་བསྟན་དོན།དུས་རབས་ཉེར་གཅིག་པར་སླེབས་དུས།ཞི་བདེ་དང་འཕེལ་རྒྱས།མཉམ་ལས།གཉིས་ཕན་བཅས་ཀྱིས་བརྗོད་བྱ་གཙོ་བོར་བྱས་པའི་དུས་རབས་གསར་པར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་ཉམས་པ་དང་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་འོགདར་གོས་འགྲུལ་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་ནི་དེ་བས་གལ་ཆེན་བ་དང་རྩ་ཆེན་པོ་རེད།
  འདུན་མོས་དང་བྱ་སྤྱོད་ཡིག་ཆའི་ནང་བསྟན་དོན།དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་དང་མཚོ་ཐོག་གི་དར་གོས་འགྲུལ་ལམ་བསྐྲུན་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གྲྭ་ཡིན་པས།ཐུན་མོང་དུ་གྲོས་མོལ་དང་།ཐུན་མོང་དུ་བསྐྲུན་པ།ཐུན་མོང་དུ་ལོངས་སུ་སྤྱོད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དར་གོས་འགྲུལ་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་འཕེལ་རྒྱས་གཏང་རྒྱུའི་ཐབས་ཇུས་དང་ཕན་ཚུལ་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས།རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུའི་གལ་ཆེན་གྱི་གྲོས་གཞི་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་དང་།གནའ་བོའི་དར་གོས་འགྲུལ་ལམ་གྱི་གསོན་ཤུགས་གསར་པ་སྐྱེད་དུ་བཅུག་པ་དང་།རྣམ་པ་གསར་པའི་ཐོག་ནས་ཡ་གླིང་དང་གླིང་ཆེན་ཡོ་རབ།གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་བར་འབྲེལ་བ་དམ་ཟབ་བྱེད་དུ་བཅུག་ཅིང་།གཉིས་ཕན་མཉམ་ལས་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པའི་ཐོག་བསྐྱོད་གང་ཐུབ་ཡོང་བ་བཅས་ཀྱི་ཆེད་དུ།ཀྲུང་གོའི་སྲིད་གཞུང་གིས་དམིགས་སུ་བཀར་ནས《ཐུན་མོང་དུ་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་འགྲུལ་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འདུན་མོས་དང་བྱ་སྤྱོད་ཡིག་ཆ》ཁྱབ་བསྒྲགས་བྱས་པ་རེད།
  འདུན་མོས་དང་བྱ་སྤྱོད་ཡིག་ཆའི་ནང་བསྟན་དོན།ལོ་གཅིག་གི་རིང་ལ་ཀྲུང་གོའི་སྲིད་གཞུང་གིས་རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་ཅིང་།དར་གོས་འགྲུལ་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་བར་མཐུན་སྦྱོར་དང་གྲོས་བསྡུར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་མཉམ་ལས་དོན་དངོས་གཉེར་བར་སྐུལ་འདེད་བཏང་སྟེ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ནས་གྲུབ་འབྲས་སྔོན་ཐོབ་བྱ་གང་ཐུབ་བྱས་ཡོད།
  འདུན་མོས་དང་བྱ་སྤྱོད་ཡིག་ཆའི་ནང་བསྟན་དོན།རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུ་ནི་ཀྲུང་གོས་བཏོན་པའི་གྲོས་གཞི་ཡིན་ལ།ཀྲུང་གོ་དང་འགྲུལ་ལམ་ལམ་རྒྱུད་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན།འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ཀྲུང་གོས་དར་གོས་འགྲུལ་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་བསྐྲུན་པའི་གོ་སྐབས་བསྟུན་ཏེ་གྲོས་བསྡུར་འདྲ་མཉམ་བྱ་རྒྱུ་དང་།ཕྱོགས་གང་ཐད་ཀྱི་ཁེ་ཕན་ལ་ཕན་ཚུན་ལྟ་རྟོག་བྱེད་པ།ཕྱོགས་གང་ཐད་ཀྱི་ཞུ་གཏུག་མཚོན་པར་བྱས་ཏེ་ལག་གདང་སྦྲེལ་ནས་ཁྱབ་ཁོངས་དེ་བས་ཆེན་པོ་དང་།ཆུ་ཚད་དེ་བས་མཐོན་པོ།རིམ་པ་དེ་བས་མཐོ་མོའི་སྒོས་སྒོ་འབྱེད་ཆེན་པོ་དང་།སྤེལ་རེས་ཆེན་པོ།མཉམ་འདྲེས་ཆེན་པོ་བཅས་བྱེད་པར་སྐུལ་འདེད་གཏང་འདོད་ཡོད།རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུ་ནི་སྒོ་འབྱེད་པ་དང་བློ་གཤོང་ཆེ་བས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་རྒྱལ་སྤྱི།ས་གནས་ཀྱི་རྩ་འཛུགས་བཅས་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་བ་ཡིན།
  འདུན་མོས་དང་བྱ་སྤྱོད་ཡིག་ཆའི་ནང་བསྟན་དོན།དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་དང་མཚོ་ཐོག་གི་དར་གོས་འགྲུལ་ལམ་ནི་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ལམ་བུ་ཡིན་ཞིང་།མཉམ་ལས་དང་གཉིས་ཕན་གྱི་ལམ་བུ་ཡིན་པར་མ་ཟད།དཔལ་ཡོན་དང་ཕན་ཚུན་དཔེ་བལྟས་སའི་ལམ་བུ་ཡང་ཡིན་པས།དར་གོས་འགྲུལ་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་སེལ་བ་དང་བློ་ཕྱོགས་མཉམ་གཏད་བྱས་པ་ཡིན་ན་དར་གོས་འགྲུལ་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་འགྲུལ་ལམ་བསྐྲུན་ཐུབ་ཅིང་དར་གོས་འགྲུལ་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་མི་དམངས་ལ་རྒྱུད་གཅིག་ལམ་གཅིག་བསྐྲུན་པའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ངེས་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་པོའི་མཚོ་འགྲམ་དུ་ཆུ་བྱ་ཁྲི་གཉིས་ལྷག་འཕུར་ཡོང་ཡོད།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་འདུས་སྡེ་ཁུལ་ཆེན་པོ་བཞིའི་ཞིང་སྡེའི་མི་འབོར་གྱི་འཐུང་ཆུ་ཉེན་མེད་ཀྱི་གནད་དོན་ཐག་གཅོད་མགྱོགས་པོ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།