པུའུ་གཉིས་ཀྱིས་སྒོར་དུང་ཕྱུར2.5བཏང་ནས་སི་ཁྲོན་དང་ནང་སོག་ལ་དྲག་ཆར་བབས་ནས་ཆུ་ལོག་བྱུང་བའི་གནོད་འཚེ་འགོག་པར་རོགས་སྐྱོར་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2018-08-16

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ8པའི་ཚེས7ཉིན་འབྱོར་བའི་གཏམ་གསར། བབ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནོར་སྲིད་པུའུ་དང་བབ་བསྟུན་པུའུ་གཉིས་ཀྱིས་ཚེས6ཉིན་སི་ཁྲོན་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་ལ་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེ་བྱུང་བའི་ཐད་ཀྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.5བཏང་སྟེ། སི་ཁྲོན་དང་ནང་སོག་ཏུ་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་བྱུང་ཡུལ་ལ་རོགས་སྐྱོར་བྱས་པ་རེད།

   བབ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མ་དངུལ་དེའི་ནང་སི་ཁྲོན་ཞིང་ཆེན་ལ་གསབ་སྣོན་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2དང་ནང་སོག་རང་སྐྱོང་ལྗོངས་ལ་སྒོར་ཁྲི5000སྤྲད་པ་དང་གཙོ་བོ་ནི་ཉེ་དུས་སི་ཁྲོན་དང་ནང་སོག་གི་ས་ཁུལ་ཁ་ཤས་ལ་དྲག་ཆར་བབས་ནས་ཆུ་ལོག་གནོད་འཚེ་ཐེབས་པའི་མང་ཚོགས་འཕྲལ་མྱུར་དུ་གནས་སྤོ་བཀོད་སྒྲིག་བྱེད་པ་དང་། གནས་སྐབས་བར་བརྒལ་དུས་ཀྱི་འཚོ་བའི་རོགས་སྐྱོབ། སྡོད་ཁང་ཉལ་བའི་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་བྱེད་པ། གནོད་སྐྱོན་བྱུང་བའི་རྐྱེན་གྱིས་རྐྱེན་དབང་དུ་ཤི་བའི་མི་སྣའི་ཁྱིམ་མི་ལ་སེམས་གསོ་བྱེད་པ་སོགས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོར་བྱ་རྒྱུའི་དགོས་མཁོ་སྐོང་ཕྱིར་ཡིན་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་བབ་བསྟུན་དོ་དམ་པུའུ་གཉིས་ཀྱིས་དེ་སྔོན་ལ་སི་ཁྲོན་དང་ནང་སོག་གི་ས་ཁུལ་ཁ་ཤས་སུ་དྲག་ཆར་བབས་ནས་ཆུ་ལོག་གནོད་འཚེ་བྱུང་བར་རྒྱལ་ཁབ་ཀྱི་རིམ་པ་མཐོན་པོའི་གེགས་སེལ་བབ་བསྟུན་བྱ་ཐབས་བླངས་ཏེ། ལས་དོན་ཚོ་ཆུང་མང་པོ་གནོད་འཚེ་བྱུང་ཡུལ་ལ་མངགས་ཏེ། གུར་དང་། གྱོན་གོས། ལྟེབ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་མཁོ་འདོན་བྱེད་པར་སྒྲིག་འཛུགས་བྱས་ཤིང་། གནོད་འཚེ་བྱུང་ཡུལ་གྱི་སྲིད་གཞུང་གིས་ཉེན་སེལ་རོགས་སྐྱོར་དང་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱ་རྒྱུ་སོགས་ཀྱི་ལས་དོན་ཁག་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:བོད་ཀྱི་ཚན་རྩལ་ཁེ་ལས་ཀྱི་གསོ་སྦྱོང་ས་ཚུགས་ཆེ་ཤོས་བཙུགས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་དང་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།