ཀྲུང་གོ་བོད་ཀྱི་དྲ་བ། 2018-07-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཅི་ཅ་ལེ་རུ་ཐོན་ནས། རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
ས་དེའི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ལྔ་བཅུའི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཅི་ཅ་ལེ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཐོན། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་དལ་གྱིས་གནམ་གྲུའི་སྒོ་ལས་བུད་པ་ན། རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མཱེ་དང་ལྕམ་མོ་ཀྲིན་ཉི་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། རུ་ཝང་ཏའི་ན་གཞོན་གྱིས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་མེ་ཏོག་ཕུལ། ཁཱ་ཅ་མཱེ་ཡིས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་རུ་ཝང་ཏ་ཕྱོགས་ཀྱི་བསུ་མར་ཡོང་བའི་མི་སྣ་གཞན་པ་མཚམས་སྦྱོར་བྱས། ལུས་ལ་མི་རིགས་ཀྱི་གཟབ་འཆོར་སྤྲས་པའི་ས་དེའི་མང་ཚོགས་ཀྱིས་དགའ་བའི་བྲོ་འཁྲབ་པ་དང་སྐྱིད་པའི་རྔ་བརྡུངས་ནས། ཀྲུང་གོའི་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བཟའ་ཟླ་གཉིས་ཀྱིས་བརྩེ་བའི་གསུང་གླེང་མཛད། ཞི་ཅིན་ཕིང་གིས་རུ་ཝང་ཏའི་སྲིད་གཞུང་དང་མི་དམངས་ལ་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ངའི་ཐེངས་འདིའི་འཚམས་འདྲི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐོག་དང་པོར་རུ་ཝང་ཏ་ལ་འཚམས་འདྲིར་ཡོང་བ་ཡིན། ང་རུ་ཝང་ཏར་ཐོན་མ་ཐག རུ་ཝང་ཏའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་མཛའ་བརྩེ་ཟབ་མོ་བཅངས་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་སོང་། ཀྲུང་གོ་དང་རུ་ཝང་ཏ་གཉིས་ཀྱི་བར་ཐག་རིང་ན་ཡང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོམས་སྲོལ་བཟང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཧ་ཅང་ཟབ། འབྲེལ་བ་བཙུགས་ནས་ལོ་ཞེ་བདུན་གྱི་རིང་ལ། ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་མཛའ་མཐུན་འབྲེལ་བ་བཙུགས་པ་དང་ཕན་ཚུན་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་བས། ཀྲུང་གོ་དང་རུ་ཝང་ཏའི་འབྲེལ་བ་དུས་རྟག་ཏུ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ཡོད། ན་ནིང་གི་ཟླ་གསུམ་པར་ཙུང་ཐུང་ཁཱ་ཅ་མཱེ་ཡིས་ཀྲུང་གོར་འཚམས་འདྲིར་བྱེད་སྐབས། ང་ཚོས་ཀྲུང་གོ་དང་རུ་ཝང་ཏའི་འབྲེལ་བ་དང་གཉིས་ཕན་མཉམ་ལས་ཐད་ནས་བརྗེ་རེས་ཟབ་མོ་བྱས་ཏེ་བྱུང་བའི་ཐུན་མོང་གི་ལྟ་བ་ཕྱོགས་ཡོངས་ནས་ནུས་ལྡན་གྱིས་དངོས་འབེབས་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལོ་གཅིག་གི་རིང་ལ་བདེ་བླག་ངང་ཕན་ཚུན་ལ་འཚམས་འདྲི་བྱས་པ་འདིས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རུ་ཝང་ཏའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཙུང་ཐུང་ཁཱ་ཅ་མཱེ་ཡིས་ད་དུང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་ཡོད་པས། ངས་ཙུང་ཐུང་ཁཱ་ཅ་མཱེ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱེད་པར་རེ་སྒུག་བྱས་ཡོད། ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཁཱ་ཅ་མཱེ་ཡིས་རུ་ཝང་ཏའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏ་ལ་རྒྱལ་དོན་འཚམས་འདྲི་མཛད་པར་དགའ་བསུ་ཞུས་པ་དང་། འཚམས་འདྲི་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས། ཁཱ་ཅ་མཱེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།
ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་གནམ་གྲུ་གཅིག་ཏུ་བསྡད་ནས་རུ་ཝང་ཏ་ལ་ཐོན།
ཞི་ཅིན་ཕིང་གིས་སའེ་ནེ་ཀེལ་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་རྗེས་ཅི་ཅ་ལེ་ལ་ཐོན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10