བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་བཅོས་བྱུང་བ།
བོད་ལྗོངས་ཉིན་རེའི་ཚགས་པར། 2015-04-01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག2014ལོར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཞིང་འབྲོག་སྡེ་ཚན་གྱིས་སྔ་ཕྱི་བར་གསུམ་དུ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོ་རུ་གང་ཐུབ་གཏོང་བ་དང་།ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གང་ཐུབ་གཏོང་བ།ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་གང་ཐུབ་རྒྱག་པ།ཞིང་འབྲོག་ཁུལ་གྱི་དམངས་འཚོ་ལེགས་སུ་གང་ཐུབ་གཏོང་བ་བཅས་བྱས་པས་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅིང་།ན་ནིང་རང་ལྗོངས་ཀྱིས་ཞིང་འབྲོག་ལས་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར19.26བཏང་བ་དེའི་ནང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་མ་ཚུད་པའི་མ་དངུལ་སྒོར་དུང་ཕྱུར12.53ཟིན་གྱི་ཡོད་པ་རེད།2014ལོའི་ལོ་མཇུག་བར“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་མ་དངུལ་སྒོར་དུང་ཕྱུར30.86དོན་འཁྱོལ་བྱུང་བ་དེ་འཆར་འགོད་ནང་གི་མ་དངུལ་འཇོག་འབོར་གྱི89.6%ཟིན་པ་དང་། འཆར་འགོད་ནང་གི་མ་དངུལ་སྒོར་དུང་ཕྱུར22.48ལེགས་གྲུབ་བྱུང་བ་དེ་དོན་འཁྱོལ་བྱུང་བའི་མ་དངུལ་འཇོག་འབོར་གྱི72.83%ཟིན་གྱི་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཞིང་དར་ཞིང་ཕན་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར30.34དོན་འཁྱོལ་བྱུང་བ་དང་ནས་འདེབས་འཛུགས་རྟེན་གཞི་མུའུ་ཁྲི27.45དང་།མཐོ་གྲང་འབྲོག་ཁུལ་དུ་ཕྱུགས་ཚང་34876།རྨོ་བསྐྱུར་རྩྭ་གསོ་མུའུ་ཁྲི910ལ་ལྕགས་དྲ་བསྐོར་བ།ཕན་ཆེའི་ཉི་འོད་དྲོད་ཁང830།ནོར་ལུག་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་ཁུལ་ཆུང25བཅས་བཙུགས་པས་ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་རེད། །