ཁམས་པའི་འཛུམ་རིས་སྤྱིའི་འདོན་ཐེངས20པ་པར་དུ་བསྐྲུན།

        2018-06-25

ཁམས་པའི་འཛུམ་རིས་སྤྱིའི་འདོན་ཐེངས20པ་པར་དུ་བསྐྲུན།

བོད་མདོ་དབུས་ཁམས་གསུམ་གྱི་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་།

ངེད༼ཁམས་པའི་འཛུམ་རིས༽ཞེས་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཆེད་བསྒྲིགས་ཀྱི་དུས་དེབ་ཉིད་ཀྱི་སྤྱིའི་འདོན་ཐེངས20པ་སྟེ། སྤྱི་ལོ2018ལོའི་དུས་དེབ་གཉིས་པ་འདི་ཉིད་མདོ་ཁམས་ཏྲེ་ཧོར་ས་ཆ་ཞེས་རྒྱ་བོད་ལོ་རྒྱུས་ཚང་གང་མང་ན་གོ་གནས་ངེས་ཟིན་ཡོད་པའི་ཡུལ་ཁམས་རིང་མོ་འདིའི་ས་ཡི་ལྟེ་བར་ཆགས་ཡོད་པ། ད་ལྟར་ཡོངས་གྲགས་སུ་ཁམས་བྲག་མགོ་རྫོང་ཞེས་པའི་རོང་འབྲོག་གི་འཚོ་བ་གཉིས་ལྡན་གྱི་རྫོང་འདི་གའི་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས། གེ་སར་རིག་གནས། གནས་རི་གནས་བཤད། བཟའ་བཏུང་རིག་གནས། རོང་འབྲོག་ཡུལ་སྐད། སྔོན་བྱོན་གྱི་སྐྱེས་ཆེན་དང་དེང་བཞུགས་ཀྱི་མཁས་དབང་གི་ངོ་སྤྲོད་སོགས་ཕྱོགས་བསྡུས་ཀྱིས་དེབ་གཟུགས་སུ་བསྡེབས་ཏེ་དེབ་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་སྡེབ་སྒྲིག་བྱས་ཤིང་། ཟླ་འདིའི་ཚེས23ཉིན༼ཁམས་བྲག་མགོ་ས་ཆའི་དམངས་སྲོལ་རིག་གནས༽ཆེད་བསྒྲིགས་ཀྱི་དེབ་སྨད་ཆ་དངོས་སུ་པར་དུ་བསྐྲུན་ཏེ་བོད་ཞིང་ལྗོངས་ལྔ་ཡི་ས་ཆ་སོ་སོར་འགྲེམ་སྤེལ་བྱས་ཡོད།

འདི་ནི་གོང་རིམ་དབུ་ཁྲིད་དག་གི་ཐུགས་བརྩེ་བས་ཡུན་རིང་དུ་གཟིགས་པའི་མཐུ་དང་ཡུལ་འདི་གའི་གཞོན་སྐྱེས་སྨྱུག་ཐོགས་པའི་སྡེ་ཡི་ཕྱར་བ་གྲུ་འདེགས་ཀྱི་རམ་འདེགས་ཁོ་ན་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། འདིས་སྤྱིར་བོད་ཀྱི་ལོ་རྒྱུས་རིག་གནས་དང་སྒོས་ཁམས་བྲག་མགོ་ས་ཆའི་ལོ་རྒྱུས་རིག་གནས་དང་། དམངས་ཁྲོད་ཡུལ་སྲོལ་སོགས་ལ་གསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་པ་ནི་དགའ་འོས་པའི་གནས་སུ་མཆིས་སོ།།

ཞེས་ཁམས་པའི་འཛུམ་རིས་རྩོམ་སྒྲིག་ཁང་ནས། 

རྩོམ་སྒྲིག་པ་མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།
  • ལེ་ཚན་རྗེས་མ།:རང་ཞིང་གིས་གྲོང་གསེབ་དར་རྒྱས་སུ་གཏོང་བའི་ཁྲིད་སྤྱོང་ཁང་བཙུགས་ཏེ་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།