ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2018-06-25

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས19ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཕེབས་འབྱོར་བྱུང་བའི་ཀྲུང་གོར་འཚམས་འདྲི་གནང་བཞིན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་སྔའི་ཀྲུང་ཁྲའོ་ཡི་འབྲེལ་བ་འཕེལ་རྒྱས་སྐོར་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སྐོར་ལ་ལྷག་བསམ་རྣམ་དག་གིས་དགོངས་འཆར་བརྗེ་རེས་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་ཀྲུང་ཁྲའོ་བར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྲ་བརྟན་ཡག་པོ་གཏོང་བ། འཕེལ་རྒྱས་ཡག་པོ་གཏོང་བ། དེ་བཞིན་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་བརླིང་ཐད་ཀྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་དང་ས་ཁུལ་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རྣམ་འགྱུར་མགྲིན་གཅིག་ཏུ་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་དང་ཙུང་ཐུང་ཐེ་རོན་ཕུ་གཉིས་སིང་ཀ་ཕོར་དུ་མཇལ་འཛོམས་གལ་ཆེན་གནང་སྟེ། ཕྱེད་གླིང་དུ་ཉིང་རྡུལ་མེད་པ་བཟོ་རྒྱུ་དང་ཕྱེད་གླིང་དུ་ཡུན་རིང་ཞི་བདེའི་ལམ་སྲོལ་འཛུགས་རྒྱུའི་ཐད་རྩ་དོན་རང་བཞིན་གྱི་ཐུན་མོང་ངོས་འཛིན་བྱུང་བ་དང་གྲུབ་འབྲས་ཡག་པོ་ཐོབ་པ་ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དེར་གདེང་འཇོག་མཐོན་པོ་བྱས་པ་ཡིན། ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་ཆེད་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེའི་ཐོག་ནས་ཀྲུང་ཁྲའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་གཏུག་ལ་བླ་ན་མེད་པའི་མཐོང་ཆེན་པོ་གནང་བ་མཚོན་གྱིན་ཡོད། ངས་དེར་གདེང་འཇོག་མཐོན་པོ་བྱ་རྒྱུ་ཡིན།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཟླ་བ་གསུམ་ཡང་མ་ཟིན་པའི་དུས་ཚོད་ནང་ངས་ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་དང་ཞལ་འཛོམས་ཐེངས3བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཕྱིར་ཁ་ཕྱོགས་གསལ་སྟོན་བྱས་ལ་ཀྲུང་ཁྲའོ་ཡི་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཀྱང་རྩོམ་འགོ་བཙུགས་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཁྲའོ་ཡི་མཛའ་གྲོགས་མཉམ་ལས་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་སོང་རུང་། ཀྲུང་ཁྲའོ་ཡི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཕྱིར་གཞོལ་བའི་ཀྲུང་གོའི་ཏང་དང་སྲིད་གཞུང་གི་ལངས་ཕྱོགས་བརྟན་པོ་དང་། ཁྲའོ་ཞན་གྱི་མི་དམངས་ལ་བཅངས་པའི་ཀྲུང་གོའི་མི་དམངས་ཀྱི་ལྷད་མེད་བརྩེ་སེམས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲའོ་ཞན་ལ་ཀྲུང་གོས་རྒྱབ་སྐྱོར་བྱེད་ཚུལ་བཅས་ལ་འགྱུར་བ་འགྲོ་མི་སྲིད། ངས་ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་དང་མཉམ་དུ་ཕྱོགས་གཉིས་པོའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་ཁྲའོ་ཡི་འབྲེལ་བ་ཡུན་རིང་དང་། སྐྱོན་བྲལ། བརྟན་བརླིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད།

     ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། འདི་ལོ་ནི་ཀྲུང་གོས་བཅོས་བསྒྱུར་སྒོ་དབྱེ་བྱས་ནས་ལོ40འཁོར་བའི་ལོ་ཞིག་ཡིན། བཅོས་བསྒྱུར་སྒོ་དབྱེ་བྱས་ཚུན། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་བབ་ལ་གཞི་ཚུགས་པ་དང་། འཛམ་གླིང་ལ་རྒྱང་ལྟ་བྱེད་པ། རང་ངོས་གསར་བརྗེ་དང་རང་ངོས་གསར་སྒྱུར་ཕོད་པ་བཅས་བྱས་ཏེ་སོ་སོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། ཁྲའོ་ཞན་གྱིས་ལས་ཀའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་འཇོག་རྒྱུའི་གཏན་འབེབས་གལ་ཆེན་བྱས་པ་དང་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པ་ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང་། ང་ཚོས་ཁྲའོ་ཞན་གྱིས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་དང་། དམངས་འཚོ་ལེགས་སུ་གཏང་རྒྱུ། རྒྱལ་ཁབ་འདི་ཉིད་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

     ཅིན་ཀྲེང་ཨེན་གྱིས་དུས་ཡུན་རིང་པོ་མ་འགོར་བར་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཇལ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཤིང་། ཁོང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་ང་ཚོའི་མཛའ་གྲོགས་ཁྱིམ་མཚེས་རླབས་ཆེན་ཞིག་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་ནི་ང་ཚོས་བརྩི་འཇོག་དང་ཡིད་ཆེས་ལྷག་པོ་ཆེ་ཞུ་སའི་རླབས་ཆེན་གྱི་འགོ་ཁྲིད་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་དང་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ང་རང་དང་ཁྲའོ་ཞན་གྱི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་ལྷད་མེད་ཀྱི་མཛའ་བརྩེ་དང་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་ཁྲའོ་ཞན་མི་དམངས་སྣེ་ཁྲིད་དེ་ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་གཞན་གྱིས་གནོད་ཐབས་བྲལ་བའི་ཀྲུང་ཁྲའོ་ཡི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏང་རྒྱུ་ཡིན།

     ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དུས་ཚོད་ཅིག་རིང་འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྒྱུད། ཕྱེད་གླིང་གི་གནད་དོན་སླར་ཡང་གྲོས་མོལ་ངང་ཐག་གཅོད་བྱེད་པའི་ལམ་བུ་ཡང་དག་ཐོག་སླེབས་ནས་ཕྱེད་གླིང་གི་དུས་བབ་ཞི་བདེ་བརྟན་བརླིང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་རྒྱུ་དང་ཕྱེད་གླིང་གི་ཞི་བདེར་སྲུང་སྐྱོང་ཐད་འབད་བརྩོན་ཧུར་ཐག་གནང་ཡོད། ད་རེས་ཁྲའོ་ཨའི་འགོ་གཙོས་མཇལ་འཛོམས་གནང་སྟེ་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་སྐོར་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད། ཁྲའོ་ཨ་ཕྱོགས་གཉིས་པོས་འགོ་གཙོའི་མཇལ་འཛོམས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་འབྲེལ་ཡོད་ཕྱོགས་ཁག་བར་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།

     ཅིན་ཀྲེང་ཨེན་གྱིས་བྱས་མ་ཐག་པའི་ཁྲའོ་ཨའི་འགོ་གཙོའི་མཇལ་འཛོམས་ལ་ཕྱོགས་ཁག་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་པའི་གྲུབ་འབྲས་ཡག་པོ་ཐོབ་ཡོད། གལ་ཏེ་ཕྱོགས་གཉིས་པོས་འགོ་གཙོའི་མཇལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་གོམ་པ་རེ་རེ་བཞིན་དོན་འཁྱོལ་ཏན་ཏིག་བྱས་ཚེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི་རྣམ་པ་གསར་པ་གལ་ཆེན་ཞིག་ཐོན་རྒྱུ་རེད། ཁྲའོ་ཞན་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བ་དང་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཚད་མཐོའི་གདེང་འཇོག་ཀྱང་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་ཡུན་རིང་སྲ་བརྟན་ཞི་བདེའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཁྲའོ་ཞན་ཕྱེད་གླིང་ཡུན་རིང་ཞི་བདེ་ཡོང་ཆེད་མཉམ་དུ་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།


  • ལེ་ཚན་སྔོན་མ།:བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གར་གྱི་སྐྱེ་སྟོབས་སླར་ཡང་རྒྱས།
  • ལེ་ཚན་རྗེས་མ།:ཁམས་པའི་འཛུམ་རིས་སྤྱིའི་འདོན་ཐེངས20པ་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།