ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2018-04-13
ཟླ་3ཚེས་27ཉིན། གསར་འགོད་པས་ཡུལ་ཤུལ་གྱི་རྡོ་བརྐོས་ཤུལ་བཞག་ཞུ་དོན་ཚོགས་ཐོག་ཏུ་ཐོས་གསལ་ལྟར་ན། གང་མགྱོགས་ཀྱིས་ཡུལ་ཤུལ་གྱི་རྡོ་བརྐོས་སྒྱུ་རྩལ་འདི་ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གྲ་སྒྲིག་མིང་ཐོའི་ནང་ཞུ་འགོད་བྱེད་ཆེད། 2018ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་ཚན་མང་པོའི་མཁས་པ་ཞུས་ནས་ཕྱོགས་བསྡུས་རང་བཞིན་གྱིས་ཞིབ་འཇུག་དང་ཐུན་མོང་གིས་ཞིབ་དཔྱད་བྱས་ཏེ། ཡུལ་ཤུལ་གྱི་རྡོ་བརྐོས་ཧྲིལ་པོ་་ཤུལ་བཞག་ཏུ་ཞུ་བའི་ལས་དོན་སྤེལ་འགོ་ཚུགས་ནས། བྲག་བརྐོས་རི་མོ་དང་བྲག་བརྐོས་སྐུ་བརྙན། རྡོ་གཡམ་རི་མོ། མ་ཎི་རྡོ་འབུམ་སོགས་གནས་བཞི་དོན་གཅིག་ཏུ་ངེས་པའི་སྤྱི་ཡོངས་རང་བཞིན་དུ་སྲུང་སྐྱོང་བྱ་བར་སྐུལ་འདེད་བཏང་བ་རེད།
ཡུལ་ཤུལ་གྱི་རྡོ་བརྐོས་ནི་མཚོ་བོད་ས་མཐོའི་རྡོ་བརྐོས་རིག་གནས་སྲོལ་རྒྱུན་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ཏེ། ཁྱབ་རྒྱ་ཆེ་ཤོས་དང་ཤུལ་བཞག་གཞི་ཁྱོན་ཆེ་ཤོས། དུས་རབས་ཀྱི་བརྒལ་ཚད་རིང་ཤོས། རི་མོ་རྐོ་སྟངས་ཀྱི་རིགས་སྣ་མང་ཤོས། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤོས། ཉར་ཚགས་རྒྱུན་འཛིན་ཆ་ཚང་ཤོས་ཀྱི་རྡོ་བརྐོས་རིག་གནས་ཚོགས་པ་ཞིག་རེད། ཡུལ་ཤུལ་གྱི་རྡོ་བརྐོས་འབྲི་ཆུ་འབབ་རྒྱུད་ཀྱི་ལྟེ་བའི་ས་རྒྱུད་ཡིན་ཏེ། དེའི་ཁྲོད་ཆེས་ཚབ་མཚོན་རང་བཞིན་གྱི་དཔེ་མཚོན་ནི་འབྲི་ཆུའི་གནའ་བོའི་བྲག་བརྐོས་རི་མོ་དང་ལེབ་ཁོག་བྲག་བརྐོས་རི་མོ། སེང་ཟེའི་རྒྱ་ནག་མ་ཎི། སྒ་མཆོད་རྟེན་དཀར་པའི་རྡོ་གཡམ་རི་མོ་རིགས་ཀྱི་དཔེ་མཚོན་བཞི་བཅས་ཡོད་པ་རེད།
རྒྱུན་མི་འཆད་པར་རྡོ་བརྐོས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ལས་དོན་གོང་དུ་སྤེལ་ཆེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་ཤུལ་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་གོང་ནས་མཐོ་གཏོང་སར་འཛིན་གྱི་ཡོད་པ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱི་བླང་བྱ་དང་རེ་ཞུ་གསར་པའི་《གྲ་སྒྲིག་མིང་ཐོའི་》ནང་འཇུག་རྒྱུའི་ཤུལ་བཞག་རྣམ་གྲངས་ཀྱི་བླང་བྱ་ལྟར། ཤུལ་བཞག་སྲུང་སྐྱོབ་དོ་དམ་གྱི་དོ་དམ་འཆར་འགོད་གཏན་འབེབས་དང་། ཡུལ་ཤུལ་གྱི་རྡོ་བརྐོས་རིག་གནས་སྲུང་སྐྱོང་དང་དོ་དམ་བྱེད་ཐབས་གང་མགྱོགས་འཆར་ཟིན་བཟོས་ནས། ཡུལ་ཤུལ་ཁུལ་རྡོ་བརྐོས་སྲུང་སྐྱོང་དང་ཤུལ་བཞག་རེ་ཞུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལོ་འདིའི་ནང་རིགས་གཅིག་མཁས་ཅན་གདན་ཞུ་བྱེད་ནས་ཡུལ་ཤུལ་གྱི་རྡོ་བརྐོས་སྲུང་སྐྱོང་དང་འཕེལ་རྒྱས་དེ་བརྗོད་བྱ་གཙོ་བོར་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ནས། ཤུལ་བཞག་རེ་ཞུའི་ལས་དོན་ཁག་བདེ་བླག་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་ཡོད་ལ། 2018ལོའི་ལོ་མཇུག་ཏུ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཡུལ་ཤུལ་གྱི་རྡོ་བརྐོས་རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་ཐོའི་རྣམ་གྲངས་གྲས་སུ་དངོས་སུ་བཅུག་པར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10