སློབ་གསོ་པུའུ་ཡིས་མཐོ་རྒྱུགས་ཀྱི་དམིགས་བསལ་སྐར་སྣོན་རྣམ་གྲངས་མེད་པར་བཟོས་པ།

        2018-03-30

   ཉེ་ཆར། སློབ་གསོ་པུའུ་ཡིས《 2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ད་ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། དེར་ས་གནས་ཁག་གི་སློབ་གྲྭ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཁྱོན་ཡོངས་ནས《 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དོན་འཁྱོལ་བྱས་ཐོག སྤུས་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད།ཚན་རིག་དང་མཐུན་པའི་ཤེས་ལྡན་མི་སྣ་འདེམས་སྒྲུག་བཅས་བྱས་ནས། མཐོ་རིམ་སློབ་ཆེན་གྱི་ཡིག་རྒྱུགས་སློབ་བསྡུ་དྲང་སྙོམས་དྲང་གཞག་དང་གོ་རིམ་ཚད་ལྡན་ཡོང་བར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་ཡོད།

 《བརྡ་ཐོའི》ནང་། 2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་གྱི་གཙོ་གནད་ལས་འགན་ཁག་དྲུག་གཏན་འབེབས་བྱས་ཡོད་པ་སྟེ། གཅིག་ནི་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ལས་དོན་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས། གཉིས་ནི་ཧུར་ཐག་དང་བརྟན་པོའི་ངང་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས། གསུམ་ནི་སྔར་ལས་ལྷག་པར་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་བར་གྱི་སློབ་ཞུགས་གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་འདེད་བྱ་དགོས། བཞི་ནི་སློབ་བསྡུའི་ལས་དོན་དོ་དམ་རིམ་གྱིས་ཚད་ལྡན་དུ་གཏང་དགོས། ལྔ་ནི་གོམ་གང་མདུན་སྤོས་ཀྱིས་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ཆ་འཕྲིན་བདེ་འཇགས་ལ་ཤུགས་བསྣན་དགོས། དྲུག་ནི་སློབ་བསྡུའི་དྲིལ་བསྒྲགས་ཞབས་ཞུ་ལས་དོན་གཏིང་ཟབ་སྤེལ་དགོས།

 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 དང《སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། སྤྱི་བདེ་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱི་མཐོ་རྒྱུགས་ཀྱི་སྐར་གྲངས་སྣོན་པའི་རྣམ་གྲངས་དང་སྐར་གྲངས་སྔར་བས་ཉུང་འཕྲི་དང་ཚད་ལྡན་དུ་གཏོང་བའི་བསམ་འཆར》 གྱི་འབྲེལ་ཡོད་གཏན་འབེབས་ལྟར། ལུས་རྩལ་ལ་མཁས་པའི་སློབ་མ་དང་། སློབ་འབྲིང་སློབ་མའི་སློབ་ཚན་གྱི་ཨོ་ལིན་ཕིག་འགྲན་སྡུར། ཚན་རྩལ་རིགས་ཀྱི་འགྲན་བསྡུར། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མ། བསམ་བློ་ཆབ་སྲིད་ཀུན་སྤྱོད་ཐད་བྱས་རྗེས་མངོན་གསལ་དོད་པོ་ཡོད་པ་སོགས་རྒྱལ་ཡོངས་རང་བཞིན་གྱི་མཐོ་རྒྱུགས་སྐར་སྣོན་རྣམ་གྲངས་ཁྱོན་ཡོངས་ནས་མེད་པར་བཟོས་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་བ།
  • ལེ་ཚན་རྗེས་མ།:གཡང་ཕྱུག་མཚོར2017ལོའི་རྒྱ་སྐད་ཀྱི་རྩེར་སོན་སྐྱེས་མའི་འཁྲབ་སྟོན་པའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།