ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-30

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་བ།

  ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨན་གྱིས་སྤྱི་ཟླ་༣པའི་ཚེས་༢༥ཉིན་ནས་༢༨ཉིན་བར་རང་རྒྱལ་ལ་དངོས་གཞི་མིན་པའི་འཚམས་འདྲི་གནང་ཡོད།
 འཚམས་འདྲི་གནང་རིང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ལ་དགའ་བསུ་ཞུ་བའི་གསོན་སྟོན་བཤམས་པ་མ་ཟད་ལྷན་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་ཡོད།
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་ནས་ཁག་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་ཡོད།
  གྲོས་མོལ་གནང་རིང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཅིན་ཀྲེང་ཨན་ནས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་གནང་བ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། སྐུ་ཉིད་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་རྗེས་ང་རང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། ཏང་ཀྲུང་དབྱང་གི་དམག་ཨུད་ཀྲུའུ་ཞིའི་འགན་འཁུར་བར་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ་མ་ཟད། མི་རིང་བའི་གོང་ང་རང་སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་འཕྲལ་མར་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བར་ང་རང་ནས་དོན་དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པ་ནི་དུས་སྐབས་དམིགས་བསལ་དང་དོན་སྙིང་ཆེ་བ་ཞིག་ཡིན་ཞིང་། བློ་མཐུན་ཨུ་ཡོན་ཀྲང་དང་བྱང་ཁོ་རེ་ཡའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཐོང་ཆེན་པོ་གནང་བ་མཚོན་གྱི་ཡོད། ང་ཚོས་དོན་དེའི་ཐད་གདེང་འཇོག་ཆེན་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
  ཅིན་ཀྲེང་ཨན་གྱིས། ཉེ་བའི་ལོའི་ནང་ཀྲུང་གོར་དོན་ཆེན་དང་དགའ་འོས་པའི་བྱ་བ་མང་པོ་ཐོན་པ་དང་། ན་ནིང་ཀྲུང་གོའི་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་གནང་བ་དང་། མི་རིང་བའི་གོང་ཡང་ལེགས་གྲུབ་ལྡན་པའི་ངང་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པ། བློ་མཐུན་ཞི་ཅིན་ཕིང་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་གུས་བཀུར་ཐོབ་སྟེ་འགོ་ཁྲིད་སྲོག་ཤིང་ལ་གྱུར་བ་མ་ཟད། སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་སྲོལ་རྒྱུན་ལྟར་ན། ང་རང་ཀྲུང་གོར་ཡོང་ནས་སྐུ་ཉིད་ལ་བཀྲིས་བདེ་ལེགས་ཞུ་དགོས་ངེས་ཡིན། མིག་སྔར། ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། འགྱུར་ལྡོག་གལ་ཆེན་མང་པོ་ཐོན་ཞིང་། བརྩེ་སེམས་དང་བདེན་དོན་གང་ཐད་ནས་ཀྱང་ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་དང་ཞལ་འཛོམས་ཀྱིས་གནས་ཚུལ་བརྡ་ཁྱབ་ཞུ་དགོས་ངེས་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་རྒན་རབས་པ་སྐུ་ངོ་མས་གསར་གཏོད་གནང་བ་དང་གསོ་སྤེལ་ཞིབ་ཚགས་གནང་བ་ཞིག་ཡིན་པས། དེ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཡིན། འདས་དོན་ལ་ཕྱིར་དྲན་བྱེད་སྐབས་ང་ཚོའི་དབུ་ཁྲིད་རྒན་རབས་པ་རྣམ་པས་ཐུན་མོང་གི་ཕུགས་བསམ་གྱི་དད་སེམས་དང་གཏིང་ཟབ་པའི་གསར་བརྗེའི་མཛའ་གྲོགས་བཅངས་ཏེ། ཕན་ཚུན་བར་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་གནང་བས་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དཔེ་མཚོན་བཟང་པོ་ཞིག་ལ་གྱུར་ཡོད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མི་རབས་ཁ་ཤས་ཀྱི་འགོ་ཁྲིད་པས་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་གནང་སྟེ་སྤུན་མཆེད་ལྟར་འགྲོ་འོང་ཡང་སེ་གནང་གི་ཡོད། དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད། ང་རང་དང་བློ་མཐུན་ཨུ་ཡོན་ཀྲང་གཉིས་པོ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་གོང་འཕེལ་བརྒྱུད་མྱོང་མཁན་དང་དཔང་པོ་ཞིག་ཡིན། ང་ཚོ་ཕྱོགས་གཉིས་པོས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཟམ་མི་ཆད་པ་བྱས་ཏེ་གོང་འཕེལ་སྔར་ལས་ལྷག་པ་གཏོང་རྒྱུའི་རྣམ་པ་ཐེངས་མང་བསྟན་མྱོང་ཡོད། དེ་ནི་ཕྱོགས་གཉིས་པོས་ལོ་རྒྱུས་དང་དོན་དངོས་ལ་གཞིགས་པ་དང་། རྒྱལ་སྤྱིའི་ས་ཁུལ་གྱི་གནས་སྟངས་དང་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་གནས་བབ་ཧྲིལ་པོར་གཞིགས་ཏེ་བྱས་པའི་འཐབ་ཇུས་གདམ་ག་ཞིག་ཡིན་ལ་ཡང་དག་པའི་གདམ་ག་ཉག་ཅིག་དེ་ཡང་ཡིན་པས་དུས་སྐབས་གཅིག་དང་གནད་དོན་གཅིག་གི་རྐྱེན་པས་དེར་འགྱུར་བ་གཏོང་མི་རུང་ལ་འགྱུར་བ་ཡང་གཏོང་མི་སྲིད་ཅེས་བསྟན་གནང་བ་དང་། 

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་བ།

  ཞི་ཅིན་ཕིང་གིས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། སྲ་བརྟན་དུ་གཏོང་བ། གོང་འཕེལ་ཡག་པོ་གཏོང་བ་བཅས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཞིག་ཡིན། ང་ཚོས་བྱང་ཁོ་རེ་ཡའི་བློ་མཐུན་དང་མཉམ་དུ། ཐོག་མའི་བསམ་འདུན་མི་བརྗེད་པར། ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། གོང་འཕེལ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད། དེའང་གཅིག་ནི་མུ་མཐུད་ནས་མཐོ་རིམ་འགྲོ་འོང་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། མཐོ་རིམ་འགྲོ་འོང་དེས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་གོང་འཕེལ་ལོ་རྒྱུས་ཁྲོད་སྔ་ཕྱི་བར་གསུམ་དུ་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་གལ་ཆེན་ཐོན་ཡོད། དུས་བབ་གསར་པའི་འོག ང་རང་ནས་བློ་མཐུན་ཨུ་ཡོན་ཀྲང་དང་ཕན་ཚུན་འཚམས་འདྲི་བྱེད་པ་དང་། ཕན་ཚུན་དམིགས་བསལ་ཕོ་ཉ་མངགས་གཏོང་བྱེད་པ། ཕན་ཚུན་ཕྱག་ཡིག་བསྐུར་བ་སོགས་རྣམ་པ་སྣ་ཚོགས་བརྒྱུད་རྟག་ཏུ་འབྲེལ་བ་བྱེད་འདོད་ཡོད་པ་དང་། གཉིས་ནི། འཐབ་ཇུས་འབྲེལ་གཏུག་བྱེད་པའི་སྲོལ་རྒྱུན་གྱི་རྩ་ཆེའི་བྱ་ཐབས་བེད་སྤྱོད་གང་ལེགས་བྱས་ནས། རྟག་ཏུ་གལ་ཆེའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱེད་པ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན་པས། ཏང་བར་གྱི་སྤེལ་རེས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། སྐད་ཆ་ཤོད་རེས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། གསུམ་ནི། ཞི་བའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མིག་སྔར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཡང་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ང་ཚོས་བྱང་ཁོ་རེ་ཡ་དང་མཉམ་དུ་འབད་བརྩོན་བྱས་ནས། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། ཞི་བདེ་དང་གོང་འཕེལ། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་། གོང་འཕེལ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། བཞི་ནི། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤེལ་རེས་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
   ཅིན་ཀྲེང་ཨན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་དང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་ཐད་གལ་ཆེའི་དགོངས་འཆར་གསུངས་གནང་བས། ང་རང་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད་བློ་སྒོ་ཕྱེ་སོང་། ཕྱོགས་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་སྐུ་ངོ་མས་གསར་གཏོད་གནང་བ་དང་ཐུན་མོང་ཐོག་གསོ་སྤེལ་གནང་བའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་ནི་གཡོ་འགུལ་ཐེབས་མི་ཐུབ་པ་ཞིག་ཡིན། གནས་བབ་གསར་པའི་འོག་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་རྒྱུད་འཛིན་བྱེད་པ་མ་ཟད་གོང་འཕེལ་གཏོང་བ་ནི་བྱང་ཁོ་རེ་ཡའི་འཐབ་ཇུས་གདམ་ག་ཞིག་ཡིན་པས། གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་འགྱུར་བ་གཏོང་མི་སྲིད། ང་རང་ད་རེས་འཚམས་འདྲིར་ཡོང་ནས། ཀྲུང་གོའི་བློ་མཐུན་དང་ཐུག་འཕྲད་ཞུས་ནས། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཞུ་གི་ཡོད། སླད་ཕྱིན་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་རྟག་ཏུ་ཐུག་འཕྲད་ཞུ་བའི་གོ་སྐབས་ཡོད་པ་མ་ཟད། ཕན་ཚུན་དམིགས་བསལ་ཕོ་ཉ་མངགས་གཏོང་བྱེད་པ་དང་། ཕྱག་བྲིས་ཕྱག་བསྟར་མ་བསྐུར་བ་སོགས་བྱ་ཐབས་བརྒྱུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། མཐོ་རིམ་མཇལ་མོལ་གྱིས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་གསར་པར་གོང་འཕེལ་གཏོང་བར་ཁྲིད་སྟོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
  ཕྱོགས་གཉིས་པོས་རང་རྒྱལ་ཁབ་ཀྱི་རྒྱལ་ནང་གནས་བབ་ཕན་ཚུན་བརྡ་ཁྱབ་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་རླབས་ཆེའི་འཆར་འགོད་བཟོས་ཡོད་པ་དང་། སྤྱི་ལོ་2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་། སྤྱི་ལོ་2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། དུས་རབས་འདིའི་དུས་དཀྱིལ་དུ་ཀྲུང་གོ་དེ་ཉིད་སྟོབས་འབྱོར་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ལ་སྐྲུན་རྒྱུ་ཡིན། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུ་ཡིན། ང་ཚོས། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཨུ་ཡོན་ཀྲང་གིས་བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་ནས། དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཐད་དགེ་མཚན་ལྡན་པའི་བྱ་ཐབས་རབ་དང་རིམ་པ་བཟུང་བ་དང་། གྲུབ་འབྲས་མང་པོ་ཐོབ་པའི་དོ་སྣང་བྱུང་། ང་ཚོས་བྱང་ཁོ་རེ་ཡའི་ཆབ་སྲིད་བརྟན་པོ་དང་དཔལ་འབྱོར་གོང་འཕེལ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་པ་དང་། བློ་མཐུན་ཨུ་ཡོན་ཀྲང་གིས་གཙོར་གནང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གིས་བྱང་ཁོ་རེ་ཡའི་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་སྐྱོད་ཟམ་མི་ཆད་པ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། བྱང་ཁོ་རེ་ཡའི་བློ་མཐུན་ནས་དཔལ་འབྱོར་གོང་འཕེལ་དང་དམངས་གཙོ་ལེགས་བཅོས་ཐད་འབད་བརྩོན་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་བ།

  ཅིན་ཀྲེང་ཨན་གྱིས། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་ཚད་མཐོའི་འགན་སེམས་ཀྱི་ཐོག་ནས། བསམ་བློ་གསར་པ་དང་འདུ་ཤེས་གསར་པ་བཏོན་གནང་བ་མ་ཟད། དེ་དག་དོན་འཁྱོལ་བྱས་པ། ཡུན་རིང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་དང་དོན་ཆེན་མང་པོ་ཐག་གཅོད་བྱས་པ་བཅས་ལས། ཀྲུང་གོའི་ཏང་གི་འགྲོ་ལམ་ནི་རྒྱལ་ཚུལ་དང་འཚམ་པའི་ཡང་དག་པའི་ལམ་ཕྱོགས་ཤིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཏང་གིས་ཏང་དོ་དམ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ཞེས་བཏོན་གནང་བས། ཏང་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་ཕྱིན་པ་དང་། ཏང་གིས་ལས་དོན་ཁག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མངོན་འགྱུར་ཐུབ་ཡོད། མིག་སྔར་ང་ཚོའི་ཏང་གིས་ཀྱང་གཟི་རྔམ་སྟོན་མཁན་དང་། དཔོན་ཉམས་སྟོན་མཁན། རུལ་སུངས་བྱེད་མཁན་བཅས་ཀྱི་བྱ་སྤྱོད་དང་འཐབ་རྩོད་བྱེད་བཞིན་ཡོད། ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་རླབས་ཆེའི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
   ཕྱོགས་གཉིས་པོའི་འགོ་ཁྲིད་པས་རྒྱལ་སྤྱི་དང་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད་པ་རེད།
   ཞི་ཅིན་ཕིང་གིས། ལོ་འདི་ཤར་ཚུན། ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད། དེའི་ཐད་བྱང་ཁོ་རེ་ཡས་འབད་བརྩོན་ཆེན་པོ་བྱས་ཡོད་པས་ང་ཚོས་དོན་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། གླིང་ཕྲན་ཕྱེད་མའི་གནད་དོན་ཐད། ང་ཚོས་གླིང་ཕྲན་ཕྱད་མའི་ཉིང་རྡུལ་མེད་པ་ཅན་གྱི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུ་དང་། གླིང་ཕྲན་ཕྱད་མའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་། སྐད་ཆ་ཤོད་རེས་དང་གྲོས་བསྡུར་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་ཁག་གིས་གླིང་ཕྲན་ཕྱེད་མའི་ལྷོ་བྱང་ཕྱོགས་གཉིས་པོས་འབྲེལ་བ་ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་དང་། ཐུན་མོང་ཐོག་བར་འདུམ་ཡོང་བའི་བསླབ་བྱ་རྒྱག་པ་དང་ཞི་གྲོས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་དངོས་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་གླིང་ཕྲན་ཕྱེད་མའི་གནད་དོན་ཐད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། བྱང་ཁོ་རེ་ཡ་ཚུད་པའི་ཕྱོགས་ཁག་དང་ལྷན་དུ་འབད་བརྩོན་བྱས་ཐོག གླིང་ཕྲན་ཕྱེད་མའི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
    ཅིན་ཀྲེང་ཨན་གྱིས། མིག་སྔར་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་ཡག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད། ང་ཚོས་རང་འགུལ་ངང་ཛ་དྲག་དུས་བབ་ཞི་ལྷོད་དུ་འགྲོ་བའི་བྱ་ཐབས་བཟུང་པ་མ་ཟད། ཞི་བའི་སྐད་ཆ་ཤོད་རེས་བྱ་རྒྱུའི་གྲོས་འགོ་ཡང་བཏོན་ཡོད། ཀྲུའུ་ཞི་ཅིན་རི་ཁྲེང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་རི་ཡི་ཞལ་ཆེམས་ལྟར། གླིང་ཕྲན་ཕྱེད་མར་ཉིང་རྡུལ་མེད་པ་ཅན་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱེད་པ་ནི་ང་ཚོས་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན། ང་ཚོས་ལྷོ་བྱང་འབྲེལ་བ་དེ་ཉིད་ཞི་གྲོས་དང་མཉམ་ལས་ཀྱི་འབྲེལ་བར་འགྱུར་རྒྱུ་དང་། ལྷོ་བྱང་གི་འགོ་གཙོའི་གྲོས་ཚོགས་སྐོང་འཚོགས་བྱ་རྒྱུ། ཨ་རི་དང་སྐད་ཆ་ཤོད་རེས་བྱེད་འདོད་ཡོད་པ། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་གཙོའི་ཐུག་འཕྲད་བྱེད་པ་བཅས་བྱ་རྒྱུའི་ཆོད་སེམས་ཡོད། གལ་ཏེ་ལྷོ་ཁོ་རེ་ཡ་དང་ཨ་རིས་སྐུལ་སློང་བཟང་པོའི་ཐོག་ནས་ང་ཚོས་བྱས་པའི་འབད་བརྩོན་ལ་ལན་ཆ་བྱེད་པ་དང་། ཞི་བདེ་དང་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་པ། ཞི་བདེ་མངོན་འགྱུར་ཡོང་བར་དུས་མཚམས་རང་བཞིན་དང་གོམ་པ་མཉམ་བགྲོད་ཀྱི་བྱ་ཐབས་བཟུང་ཚེ། གླིང་ཕྲན་ཕྱེད་མར་ཉིང་རྡུལ་མེད་པ་ཅན་གྱི་གནད་དོན་ཐག་གཅོད་བྱེད་ཐུབ་ངེས་ཡིན། འཕེལ་རིམ་དེའི་ཁྲོད་ང་ཚོས་ཀྲུང་གོའི་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་བྱ་ཤུགས་ཆེ་རུ་བཏང་སྟེ། གྲོས་སྡུར་དང་སྐད་ཆ་ཤོད་རེས་ཀྱི་འཕེལ་ཚུལ་དང་གླིང་ཕྲན་ཕྱེད་མ་ཞི་བདེ་བརྟན་ལྷིང་ཡོང་ཆེད་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།
  གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཅིན་ཀྲེང་ཨན་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།
  གྲོས་མོལ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཅིན་ཀྲེང་ཨན་དང་ཁོང་གི་སྐུ་ཟླ་ལི་ཞུའེ་ཀྲུའུ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད། ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། ས་གཞི་ཆེན་པོར་དཔྱིད་དཔལ་རབ་ཏུ་བཞད་པ་དང་། བྱ་དངོས་མཐའ་དག་སྐྱེ་འཚར་བྱུང་བའི་དུས་བཟང་འདིར། བློ་མཐུན་ཅིན་ཀྲེང་ཨན་དང་མཁྱེན་ལྡན་མ་ལི་ཞུའེ་ཀྲུའུ་ནས་ཀྲུང་གོར་དངོས་གཞི་མིན་པའི་འཚམས་འདྲི་གནང་བ་དེས། ཕྱོགས་གཉིས་པོའི་བར་གྱི་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་། མཐུན་སྦྱོར་བྱ་ཤུགས་ཆེ་རུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་མ་ཟད། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སྐས་རིམ་གསར་པའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་པ། ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད། ད་ལྟ་ང་རང་གིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨན་དང་ཟོལ་མེད་མཛའ་མཐུན་གྱི་གྲོས་མོལ་བྱས་པ་ཡིན། ང་ཚོས་མགྲིན་གཅིག་ཏུ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ། ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་མཐུན་ཡོད་པས། དེ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་འཐབ་ཇུས་གདམ་ག་ཡིན། རྒྱལ་སྤྱིའི་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོ་ཕྱོགས་གཉིས་པོས་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་དུས་བབ་ཧྲིལ་པོ་ཁོང་དུ་དམ་པོར་ཆུད་པ་བྱས་ཏེ། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་དང་། འཐབ་ཇུས་འབྲེལ་གཏུག་ཟབ་ཏུ་གཏོང་བ། སྤེལ་རེས་མཉམ་ལས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུའི་ངོས་འཛིན་བྱུང་སོང་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨན་དང་གྲོས་མོལ་གནང་བ།

   ཅིན་ཀྲེང་ཨན་གྱིས་ཤིས་ཚིག་གསུང་སྐབས། ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་བའི་གནས་ཚུལ་འོག་ང་རང་ནས་གླིང་ཕྲན་ཕྱེད་མའི་ཞི་བདེ་བརྟན་ལྷིང་དང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་མཐུན་རྒྱུན་འཛིན་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་བསམ་འདུན་བཅངས་ནས་ཀྲུང་གོར་མགྱོགས་མྱུར་འཚམས་འདྲི་ཞུ་བར་བཅར་བ་ཡིན། ང་རང་ནས་ད་རེས་ཀྲུང་གོར་འཚམས་འདྲི་ཞུ་བར་ཐེངས་དང་པོ་བཅར་ནས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་སྲོལ་རྒྱུན་རྒྱུན་འཛིན་དང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་མཐུན་ལ་གཅེས་འཛིན་བྱེད་པའི་འདུན་པ་མཚོན་པ་བྱས་ཡོད། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བ་དང་རང་སོ་སོའི་རྒྱལ་ནང་གི་དུས་བབ། ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་ཐད་ལེགས་གྲུབ་ལྡན་པའི་མཇལ་མོལ་ཞུས་པ་ཡིན། ང་རང་ནས་དགའ་སྤྲོ་དང་རེ་བས་ཁེངས་པའི་དཔྱིད་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཐུག་འཕྲད་ཐེངས་དང་པོ་ཞུས་པ་དེས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་མཐུན་ལ་འབྲས་བུ་གཡུར་དུ་ཟ་བ་སྨིན་རྒྱུ་དང་གླིང་ཕྲན་ཕྱེད་མའི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་ཐེབས་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
  འཚམས་འདྲི་ཞུ་རིང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ད་དུང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ཡང་ཡོན་ཀྲེའི་རུ་ཅིང་ཀྲེང་ཨན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་རྣམ་གཉིས་ལ་དགུང་ཚིག་བཤམས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བཤེས་གོང་འཕེལ་བྱུང་བའི་དཔང་རྟགས་བྱེད་པ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོའི་མཛའ་མཐུན་སེར་མེད་ཀྱིས་ང་ཚོར་མིག་དཔེ་བསྟན་ཡོད་པས་ང་ཚོས་ཨུ་ཡོན་ཀྲང་ཅིང་ཀྲེང་ཨན་དང་མཁྱེན་ལྡན་མ་ལི་ཞུའེ་ཀྲུའུ་རྣམ་གཉིས་རྟག་ཏུ་ཀྲུང་གོར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
  ཅིན་ཀྲེང་ཨན་གྱིས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་བཤེས་ནི་ཧ་ཅང་རྩ་ཆེན་ཞིག་ཡིན། ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་འགོ་ཁྲིད་པ་རྒན་གྲས་ཚོའི་བླ་ན་མེད་པའི་དགོངས་པར་བརྩི་སྲུང་ཞུ་རྒྱུ་དང་ཆར་དྲག་རླུང་འཚུབ་བརྒྱུད་མྱོང་བ་མ་ཟད་སྔར་བཞིན་ངོ་བོ་རྒྱུན་འཁྱོངས་ཐུབ་པའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་མ་ཟད་དུས་བབ་གསར་པའི་འོག་མཐོ་ཚད་གསར་པ་ཞིག་གི་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
   ཅིན་ཀྲེང་ཨན་གྱིས་ད་དུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་གྱི་ཀྲུང་གོའི་ཚན་རིག་ཁང་གི་གསར་སྐྲུན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད་པ་དང་། ཁོང་གིས་ཚན་རྩལ་གོང་འཕེལ་དང་གསར་སྐྲུན་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་གནང་བ་མ་ཟད་གཟིགས་སྐོར་མཇུག་འགྲིལ་རྗེས་ཕྱག་བྲིས་ཕྱག་བསྟར་མ་གནང་ནས་དྲན་རྟེན་བཞག་གནང་ཡོད་པ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་ཡང་ཅེ་ཁྲེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའི་ཆི། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
    བྱང་ཁོ་རེ་ཡ་ངལ་རྩལ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། རྩ་འཛུགས་མཛུབ་སྟོན་པུའི་པུའུ་ཀྲང་ཚུའི་ལུང་ཧེ་དང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། དྲིལ་བསྒྲགས་སྐུལ་སློང་པུའི་པུའུ་ཀྲང་ཕེའོ་ཀོང་ཧའོ། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྤྱི་པུའི་པུའུ་ཀྲང་ལི་ཀྲུའུ་ཡུང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཅིང་དབྱིང་ཀྲེ། བྱང་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ལི་ཡོང་ཧའོ་སོགས་ནས་ཅིན་ཀྲེང་ཨན་ལ་ཕེབས་རོགས་ཞུས་ཏེ་ཀྲུང་གོར་འཚམས་འདྲི་ཞུས་པ་མ་ཟད་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཟླ་2པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ འགལ་བའི་གནད་དོན་2516ཞིབ་བཅད་བྱས་པ།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་མཐོ་རྒྱུགས་ཀྱི་དམིགས་བསལ་སྐར་སྣོན་རྣམ་གྲངས་མེད་པར་བཟོས་པ།
  • དོ་སྣང་ཆེ་བའི་རྩོམ།