རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-19

      ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་3པའི་ཚེས་17ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་པས་ལམ་སེང་གཅིག་མཇུག་གཉིས་མཐུད་ངང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་ཕྱག་ཡིག་བཏང་གནང་ནས། སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།

ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་གིས། སྐུ་ཉིད་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཤེས་རྟོགས་བྱུང་བས། ང་རང་ནས་སྐུ་ཉིད་ལ་སྤྲོ་སེམས་འཁོལ་རབ་ཏུ་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

      ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བན་ཡང་གིས། སྐུ་ཉིད་ནས་སྲོག་ཤིང་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ལ་ཁྱོན་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུ་དང་། ཀྲུང་གོ་དེ་ཉིད་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཐུབ་ངེས་ཡིན་པ་ང་རང་ལ་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

པ་གི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིན་གྱིས། སྐུ་ཉིད་བདམས་ཐོན་བྱུང་བའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱིས་སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་ལ་སེམས་ཤུགས་ཀྱིས་ཁེངས་པ་མཚོན་ཡོད། འདས་ཟིན་པའི་ལོ་ལྔའི་ནང་ཀྲུང་གོར་ཀུན་གྱིས་དོ་ཁུར་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་པས། ཀྲུང་གོའི་རྒྱལ་སྤྱིའི་གཟུགས་བརྙན་དང་གནས་བབ་ཡག་ཏུ་ཕྱིན་པ་མ་ཟད། མི་དམངས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

      ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡིང་གིས། ཀྲུང་གོ་དེ་ཉིད་སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཀྲུང་གོའི་ཕུགས་འདུན་གང་སྔ་མངོན་འགྱུར་ཡོང་རྒྱུ་དང་། ཨེ་ཤ་ཡ་བྱང་ཤར་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་སྨོན་འདུན་ཞུ་གི་ཡིན། ད་ལོ་ནི་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་བར་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཡིན་པས། ང་རང་ནས་སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཡག་པ་དང་། དུས་རབས་གསར་པར་སླེབས་རྒྱུའི་ལོ་དང་པོ་འགོ་ཚུགས་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

      ལྗར་པན་གྱི་གོང་མ་མིང་རེན་གྱིས། ད་ཐེངས་སྐུ་ཉིད་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་སྐབས་འདིར། ང་རང་ནས་ལྷག་བསམ་དག་པའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། སྐུ་ཉིད་སྐུ་གཟུགས་གསལ་ཐང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་ཡོད་པ་རེད།

      ལྗར་པན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས། ད་ལོ་ནི་ཀྲུང་ལྗར་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་ལོ་ཡིན་པ་མ་ཟད། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་40འཁོར་བ་དང་ཡང་ཏག་ཏག་འཁེལ་ཡོད་པས། ང་རང་ནས་ད་ལོའི་ལོ་དེ་གོ་སྐབས་ལ་བརྩིས་ནས། ལྗར་ཀྲུང་འབྲེལ་བ་གོམ་གང་མདུན་སྤོས་ངང་མདུན་ཕྱོགས་སུ་ལེགས་བཅོས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གོང་འཕེལ་གྱི་སྐས་རིམ་གསར་པའི་ཐོག་སླེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

མར་ཏེ་ཝའི་ཙུང་ཐུང་ཡ་མིང་གིས། སྐུ་ཉིད་བདམས་ཐོན་བྱུང་བ་ནི་འདས་ཟིན་པའི་ལོ་ལྔའི་ནང་སྐུ་ཉིད་ནས་དབུ་ཁྲིད་གནང་བའི་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་གདེང་འཇོག་གང་ལེགས་བྱས་པ་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་ནས་སྐུ་ཉིད་ནས་དབུ་ཁྲིད་གནང་བའི་ཀྲུང་གོས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སེམས་ཤུགས་ཀྱིས་ཁེངས་བཞིན་པ་མཚོན་ཡོད་ཅེས་བསྟན་ཡོད་པ་རེད།

      བྷང་ག་ལའི་རྒྱལ་ཁབ་ཀྱི་ཙུང་ཐུང་ཧ་སྨི་ཏེས། སྐུ་ཉིད་ཀྱི་དབུ་ཁྲིད་འོག ཀྲུང་གོས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་རླབས་ཆེའི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ང་རང་ནས་བྷང་ག་ལ་དང་ཀྲུང་གོའི་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

      ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་ན་བཀྲར་པ་ཡེ་ཧྥུས། སྐུ་ཉིད་བདམས་ཐོན་བྱུང་བའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱིས་སྐུ་ཉིད་ནས་རྒྱལ་ཁབ་ཀྱི་ཁེ་ཕན་་སྲུང་སྐྱོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་གང་ལེགས་མཚོན་ཡོད། སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པའི་འཕེལ་རིམ་ཁྲོད་ཀྲུང་གོར་གྲུབ་འབྲས་སྔར་བས་མང་བ་ཐོབ་ངེས་རེད་ཅེས་བསྟན་ཡོད་པ་རེད།

      དཔལ་ཨུ་རུ་སུའི་ཙུང་ཐུང་ལུའུ་ག་ཧྲེན་ཁེས། སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོའི་མི་དམངས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་བསྐྱོད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

      གེ་རུ་ཅི་ཡའི་ཙུང་ཐུང་མར་གེ་ཝེ་ལ་ཧྲེ་ཝེ་ལིད། སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ལ་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུ་དང་། བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་ངེས་རེད། གེ་རུ་ཅི་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བློ་མཐུན་ཝང་ཆི་ཧྲན་གྱི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:སྤྱི་ཚོགས་ལས་རིགས་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་འདམས་པར་བརྩི་བཀུར་ཞུས་པ།
  • དོ་སྣང་ཆེ་བའི་རྩོམ།