སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་བདམས་ཐོན་བྱུང་བ།

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།    2018-03-17

  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོས་སྤྱི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཡོད་པ་རེད།

  འདེམས་བསྐོའི་མཇུག་འབྲས་དེ་ཁྱབ་བསྒྲགས་བྱེད་སྐབས་ཚོགས་རའི་ནང་ཐལ་མོའི་རྡེབ་སྒྲ་ཡུན་རིང་པོ་གྲགས་ཡོད་པ་རེད།

གྲོས་ཚོགས་ཐོག་ཆབས་ཅིག་ད་དུང་ལི་ཀྲན་ཧྲུའུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཝང་ཆི་ཧྲན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཡོད་པ་རེད།  

  སྔ་དྲོའི་ཆུ་ཚོད་དགུ་པར།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་། ཞི་ཅིན་ཕིང་དང་།  ལི་ཁེ་ཆང་། ལི་ཀྲན་ཧྲུའུ།  ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། 

གྲོས་ཚོགས་ལ་ཞུགས་དགོས་ངེས་ཀྱི་འཐུས་མིའི་ཁ་གྲངས་༢༩༨༠ཡིན་པ་དང་། དངོས་སུ་ཞུགས་པའི་མི་གྲངས༢༩༧༠ཟིན་པ། མི་བཅུ་ཆད་པ། ཞུགས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་འཚམས་ཀྱི་ཡོད་པ་རེད།

  གྲོས་ཚོགས་དེ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཤི་ཡིས་གཙོ་སྐྱོང་གནང་བ་དང་། ཚོགས་ ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་དང་། ཞུས་ཆི་ལེང་།  ཀྲང་ཤོན། ལོའུ་ཆིན་ཅན། ལུའོ་ཧུའེ་ཉིང་། ཅང་ཁྲའོ་ལེའང་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་རྐུབ་སྟེགས་ཐོག་བཞུགས་ཡོད་པ་རེད།

  གྲོས་ཚོགས་ཐོག་དང་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། ཇུས་གཞི་དེར་ཆོག་མཆན་སྤྲད་ཡོད་པ་རེད།  ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་ཀྱིས། སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ནས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཀྱི་ལས་འགན་ལེགས་སྒྲུབ་ཐུབ་རྒྱུར་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་བཞག་གཏན་འབེབས་ཀྱི་བྱ་ཐབས་ལ་གྲོས་འཆམ་བྱུང་ཡོད་པ་རེད། 

  སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ཉི་ཤུ་རྩ་གསུམ་ཐོག འདེམས་བསྐོ་དངོས་སུ་འགོ་ཚུགས་པ་དང་། འདེམས་ཤོག་ལྟ་སྐུལ་པས་དང་ཐོག་ཚོགས་རར་བཀོད་སྒྲིག་བྱས་པའི་གློག་རྡུལ་འདེམས་ཤོག་སྒམ་ཉི་ཤུ་རྩ་བརྒྱད་དང་། གློག་རྡུལ་འདེམས་བསྐོའི་མ་ལག་ལ་ཞིབ་བཤེར་བྱས་ཡོད། དེའི་རྗེས་ལས་དོན་པས་ཁག་སོ་སོར་འདེམས་ཤོག་བཀྲམས་པ་དང་།  ཚོས་གཞི་མི་འདྲ་བའི་འདེམས་ཤོག་ཁག་བཞི་འཐུས་མི་མི་རེ་ངོ་རེའི་ལག་ཏུ་སྤྲད་པ་དང་། འདེམས་ཤོག་དེ་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་བདུན་གྱི་ཐོག་ནས་པར་བརྒྱབ་ཡོད་པ་རེད།

  དེའི་རྗེས་འཐུས་མི་རྣམས་ནས་འདེམས་ཤོག་བྲིས་ཡོད་པ་དང་། ཚོགས་རའི་རྒྱབ་ཏུ་གསང་བའི་འདེམས་ཤོག་འབྲི་ས་ཡོད་པ་རེད།

འདེམས་བསྐོ་དང་བསྐོ་བཞག་བྱ་ཐབས་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་སོགས་བདམས་ཡོད་པ་རེད།

  ཆུ་ཚོད་དགུ་དང་སྐར་མ་བཞི་བཅུ་ཞེ་གཅིག་ཐོག  སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བ་དང་། འདེམས་ཤོག་ལྟ་སྐུལ་བས་དང་ཐོག་འདེམས་ཤོག་འཕངས་པ་དང་། དེའི་རྗེས་འཐུས་མི་རྣམས་ནས་འདེམས་ཤོག་འཕངས་ཡོད། འདེམས་ཤོག་འཕེན་མཇུག་འགྲིལ་རྗེས། སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བས་འདེམས་ཤོག་སྤྲད་པ་དང་བླངས་པའི་གནས་ཚུལ་སྙན་ཞུ་གནང་བ་དང་། འདེམས་ཤོག་འཕངས་པ་གོ་ཆོད་ཡིན་པའི་ཁྱབ་བསྒྲགས་གནང་འདུག

  ལས་དོན་པས་འདེམས་ཤོག་རྩིས་བརྒྱབ་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། འདེམས་ཤོག་འཕངས་པའི་མཇུག་འབྲས་ལས་གསལ་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་འདེམས་བསྐོའི་ནང་། ཞི་ཅིན་ཕིང་ལ་མོས་མཐུན་འཕེན་ཤོག་༢༩༧༠ཚང་མ་ཐོབ་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད།

  གཙོ་སྐྱོང་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་ཞི་ཅིན་ཕིང་གིས་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་པ་དང་། འཐུས་མི་རྣམས་ནས་ཀྱང་ཡར་བཞེངས་ཤིང་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་ནས་ཞི་ཅིན་ཕིང་ལ་གུས་ལུགས་མཚོན་པར་གནང་ཡོད། གཞོགས་སུ་བཞུགས་པའི་ལི་ཁེ་ཆང་དང་ཀྲང་ཏེ་ཅང་ཁག་སོ་སོས་ཞི་ཅིན་ཕིང་ལ་ཕྱག་བཏང་ནས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

  གཙོ་སྐྱོང་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་རྗེས། ཚོགས་རའི་ནང་སླར་ཡང་ཐལ་མོའི་རྡེབ་སྒྲ་ཆེན་པོ་གྲགས་པ་དང་། ཞི་ཅིན་ཕིང་ནས་སླར་ཡང་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་གནང་འདུག

      དེའི་རྗེས་གཙོ་སྐྱོང་པས་རིམ་པ་བཞིན་བློ་མཐུན་ལི་ཀྲན་ཧྲུའུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དང་། བློ་མཐུན་ཝང་ཆི་ཧྲན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། བློ་མཐུན་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན།  ཧྲེན་གཡོས་གཡོས། ཅི་པིང་ཞོན། ཨད་ལེ་ཀེང་དབྱི་མིང་པ་ཧེ།  ཝན་ཨོ་ཤང་།  ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི།  ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུ་ཝི་ཧྭ་བཅས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ། བློ་མཐུན་ཡང་ཀྲེན་ཝུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན་བྱུང་བའི་ཁྱབ་བསྒྲགས་གནང་འདུག

  འདེམས་བསྐོའི་མཇུག་འབྲས་རེ་རེ་ཁྱབ་བསྒྲགས་བྱེད་ཐེངས་རེར་ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད། 

  ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་པ་དང་། དེའི་རྗེས་ཁོང་ནས་ཞི་ཅིན་ཕིང་གི་སྐུ་མདུན་དུ་ཕེབས་ནས་ཁོང་གཉིས་མཛའ་བརྩེའི་ཕྱག་བཏང་གནང་བ་དང་། ཞི་ཅིན་ཕིང་གིས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ལི་ཀྲན་ཧྲུའུ་ཡིས་སླར་ཡང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ལ་ཕྱག་བཏང་ནས་ཕན་ཚུན་གུས་འདུད་ཞུས་པ་དང་། ཀྲང་ཏེ་ཅང་གིས་ཀྱང་ཞི་ཅིན་ཕིང་ལ་ཕྱག་བཏང་ནས་ཐུགས་རྗེ་ཆེ་དང་གུས་ལུགས་མཚོན་པ་གནང་ཡོད།

  ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་འཐུས་མི་རྣམས་ལ་གུས་འདུད་ཞུས་པ་དང་།  ཞི་ཅིན་ཕིང་གིས་ཁོང་ལ་མཛའ་བརྩེའི་ཕྱག་བཏང་བ་དང་།  ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྒྲིག་འཛུགས་བྱ་ཐབས་ལ་གཞིགས་ནས།  གྲོས་ཚོགས་ཀྱི་གྲོས་རིམ་ཁག་ཚང་མ་ཚར་རྗེས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། 

  ཆུ་ཚོད་བཅུ་དང་སྐར་མ་བཞི་བཅུ་ཞེ་དགུའི་ཐོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་རུ་ཁག་གི་རོལ་ཆ་བས་དམ་བཅའ་འཇོག་པའི་མཛད་སྒོའི་རོལ་མོ་དཀྲོལ་བ་རེད། 

  སྐམ་མཚོ་མཁའ་གསུམ་གྱི་གཟབ་སྦྲེང་རུ་ཁག་གི་རུ་མི་བཅུ་གཉིས་ཀྱིས་རུ་སྟར་གཉིས་ལ་བགོས་ནས་ཁག་སོ་སོར་ཚོགས་རའི་རྒྱབ་ནས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་སླེབས་ཡོད་པ་རེད། 

  སྐབས་དེར་ཚང་མ་ཡར་བཞེངས་པ་དང་། ཀྲུའུ་ཞི་སྟེགས་བུའི་ཐོག གུས་ལུགས་དམག་མི་གསུམ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཚོགས་རར་སྲུང་སྐྱེལ་ཞུས་པ་མ་ཟད།  རྩ་ཁྲིམས་དེ་དམ་བཅའ་འཇོག་པའི་སྟེགས་བུའི་ཐོག་བཞག་ཡོད་པ་རེད།

དམག་མིའི་རོལ་མོ་ཚོགས་པའི་རམ་འདེགས་རོལ་ཆའི་འོག   ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་ཡོད་པ་རེད།

  དེ་རྗེས། ལས་དོན་མི་སྣས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་རྒྱུ་རེད་ཞེས་ཁྱབ་བསྒྲགས་གནང་བ་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་བཞུགས་གནས་ལས་ཡར་བཞེངས་ཏེ།  དམ་བཅའ་འཇོག་པའི་སྟེགས་བུའི་མདུན་དུ་ཕེབས་ཡོད།  

  ཀྲུའུ་ཞི་སྟེགས་བུའི་སྡིངས་ཆའི་ཡོལ་བའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་རེད།   ཚོགས་རར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་༣༠༠༠ལ་ཉེ་བས་ས་གནས་ས་ཐོག་ཏུ་བླ་ན་མེད་པའི་དུས་ཚོད་དེར་བདེན་དཔང་གནང་ཡོད་པ་རེད།  

  ཞི་ཅིན་ཕིང་གིས་ཕྱག་གཡོན་མ་རྩ་ཁྲིམས་ཐོག་བཞག་གནང་བ་དང་། ཕྱག་གཡས་པ་ཡར་བཀྱགས་གནང་ནས།   རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་གནང་ཡོད།   

  ཁོང་གིས། ང་རང་ནས་དམ་བཅའ་འཇོག་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར། མེས་རྒྱལ་ལ་བློ་དཀར་དང་། མི་དམངས་ལ་བློ་དཀར། འགན་འཁྲི་ལེགས་སྒྲུབ། སྤྱོད་གཙང་གཞུང་བཀུར།  མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། སྟོབས་འབྱོར་དང་།  དམངས་གཙོ།   ཤེས་དཔལ། ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  

  དམ་བཅའ་བཞག་གྲུབ་རྗེས།  ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ལ་གུས་བཏུད་ཞུས་གནང་བ་དང་།  ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད་པ་རེད། 

  དེའི་རྗེས། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཁག་སོ་སོར་རྩ་ཁྲིམས་ལ་དམ་བཅའ་བཞག་གནང་ཡོད།  གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་།  དྲུང་ཡིག་ཆེན་མོས་མཉམ་སྡེབ་ཐོག་དམ་བཅའ་བཞག་གནང་ཡོད་པ་རེད།  


  • ལེ་ཚན་སྔོན་མ།:ཨུ་ཡོན་གྱིས་ས་སྐྱ་དགོན་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་གྲས་སུ་འཇོག་དགོས་པའི་གྲོས་གཞི་བཏོན།
  • ལེ་ཚན་རྗེས་མ།:བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།