ཨུ་ཡོན་གྱིས་ས་སྐྱ་དགོན་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་གྲས་སུ་འཇོག་དགོས་པའི་གྲོས་གཞི་བཏོན།

    ཀྲུང་གོ་བོད་ཀྱི་དྲ་བ།    2018-03-16

    རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས་”འཚོགས་བཞིན་པའི་སྒང་ཡིན། ཉེ་སྔོན་ རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཆོས་ལུགས་ཁོངས་གཏོགས་ཚོགས་ཆུང་གྲོས་བསྡུར་ཐོག་ས་སྐྱ་དགོན་པ་ནས་སླེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་གྲོས་རྒྱ་མཚོས་གཏམ་བཤད་གནང་སྐབས་བརྗོད་དོན། ད་ལོར་ཁོས་བཏོན་པའི་སྲིད་གྲོས་ཀྱི་གྲོས་གཞི་ནི། ས་སྐྱ་དགོན་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་གྲས་སུ་འཇུག་རྒྱུ་དེ་ཡིན། ཁོང་གིས་བརྗོད་དོན་ལྗོངས་དང་ས་ཁུལ། རྫོང་རིམ་པས་ལོ་དུ་མའི་རིང་ས་སྐྱ་དགོན་པར་ཞི་མཐུན་དཔེ་བཟང་དགོན་པའི་མཚན་སྙན་གནང་བ་མ་ཟད། དགེ་འདུན་པ་མང་པོ་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་བདམས། ས་སྐྱ་དགོན་པས་“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་”རྒྱུན་འཁྱོངས་གྱིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་ལ་ཁྲིད་སྟོན་བྱས་ཏེ་ཕན་ནུས་ཆེན་པོ་ཐོན་ཡོད།

ཨུ་ཡོན་གྱིས་ས་སྐྱ་དགོན་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་གྲས་སུ་འཇོག་དགོས་པའི་གྲོས་གཞི་བཏོན།
བློ་གྲོས་རྒྱ་མཚོས་ཆོས་ལུགས་ཁོངས་གཏོགས་ཚོགས་ཆུང་གྲོས་བསྡུར་ཐོག་གཏམ་བཤད་གནང་བཞིན་པ

    ས་སྐྱ་དགོན་པ་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་ཡོད། ས་སྐྱ་པའི་གྲུབ་མཐའི་དགོན་པ་གཙོ་བོ་ཡིན། དུས་རབས13པའི་དུས་དཀྱིལ་དུ་ས་སྐྱ་པའི་བསྟན་པའི་བདག་པོ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་འཐུས་ཚབ་བྱས་ཏེ། སོག་པོའི་རྒྱལ་སྲས་གོ་དན་གྱིས་གདན་ཞུས་ལྟར་ལེང་ཀྲིག་(ད་ལྟའི་ཀན་སུའུ་ཝུའུ་ཝེ།)ཏུ་བསྐྱོད་ནས་གྲོས་མོལ་གནང་། ཕྱོགས་གཉིས་ཀྱིས་བོད་ལྗོངས་དེ་སོག་པོའི་མངའ་འོག་བཅུག་པའི་ཆ་རྐྱེན་གྲོས་མོལ་གནང་རྗེས། གོ་དན་གྱིས་ས་སྐྱ་པར་བོད་ཀྱི་ཆོས་ལུགས་དང་དགོན་པའི་དགེ་འདུན་པའི་དོ་དམ་ལས་དོན་གནང་པའི་དབང་བསྩལ། སྲིད་འཛིན་དོ་དམ་ལས་དོན་ཐད་སོག་པོའི་མི་མངགས་ཏེ་དོ་དམ་བྱ་རྒྱུ་ཐག་བཅད། དེ་ནས་བཟུང་བོད་ལྗོངས་ནི་མོང་གོལ་རྒྱལ་ཁབ་ཀྱི་(རྗེས་སུ་ཧུ་པེ་ལིས་ཡོན་ཆེན་པོའི་རྒྱལ་ཁབ་བཙུགས།)ཆབ་འོག་ཏུ་བཅུག་ནས་དངོས་སུ་ཀྲུང་གོའི་ཀྲུང་དབྱང་རྒྱལ་རབས་ཀྱིས་ཐད་གར་སྲིད་འཛིན་བདག་སྤྲོད་གནང་། ཡོན་རྒྱལ་རབས་ཀྱི་རྒྱབ་སྐྱོར་འོག་ས་སྐྱ་པས་ས་སྐྱ་དགོན་སྲིད་འཛིན་ལྟེ་བ་བྱས་ཏེ། ལོ་བརྒྱ་ཉེ་བའི་རིང་བོད་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱས། ལོ་རྒྱུས་སུ་ས་སྐྱ་པའི་དུས་སྐབས་སུ་བརྗོད། ས་སྐྱ་དགོན་ནི་བོད་ལྗོངས་དེ་དངོས་སུ་ཀྲུང་གོའི་མངའ་ཁོངས་སུ་བཅུག་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཆེད་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།

    བློ་གྲོས་རྒྱ་མཚོས་ངོ་སྤྲོད་བྱས་དོན། ད་ལྟ་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དགོན་སྡེའི་གྲྭ་བཙུན་གྱི་འཚོ་བ་དང་དགོན་པའི་རིག་དངོས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། དགོན་པར་ལམ་ལས་པ། ཆུ་གློག་འཐེན་པ། ད་དུང་དགེ་འདུན་པ་རྣམས་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཁོངས་སུ་བཅུག ས་སྐྱ་དགོན་པར་མཚོན་ན་དགེ་འདུན་པ་རྣམས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་ཟམ་མི་ཆད་པར་ཇེ་ཆེར་སོང་ཡོད། ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སེམས་མཐུན་པ། ལམ་ཕྱོགས་མཚུངས་བ། གོམ་ཁ་མཐུན་པ། བསམ་བློ་མཐུན་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་འགྲོ་བཞིན་ཡོད།

    བློ་གྲོས་རྒྱ་མཚོས་བརྗོད་རྒྱུར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཆ་ནས། ཁོས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བཏོན་པའི་མཛུབ་སྟོན་གྱི་དགོངས་དོན་ལ་བརྩི་བཀུར་དང་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་མཐའ་འཁྱོངས་ཡག་པོ་བྱས་ནས་དར་ཆ་གསལ་བོ་དང་ལངས་ཕྱོགས་བརྟན་པའི་མིག་དཔེ་བྱ་རྒྱུ་ཡིན། དགོན་སྡེའི་གྲྭ་བཙུན་གྱིས་བསྟན་དོན་དང་སྡོམ་ཁྲིམས་ནང་སྤྱི་ཚོགས་འཆམ་མཐུན་ལ་ཕན་པའི་ནང་དོན་ལ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་དང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ལས་བརྩོན་ཕྱུག་འགྱུར། དད་ལྡན་མང་ཚོགས་ཀྱིས་ཁྲིམས་ལུགས་བརྩི་སྲུང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་རྒྱུ་ཡིན།

    ཤེས་རྟོགས་བྱུང་བ་ལྟར་ན། བློ་གྲོས་རྒྱ་མཚོ་ནི1966ལོར་སྐྱེས། བོད་ལྗོངས་ས་སྐྱ་རྫོང་རྫོང་འཁོང་གྲོང་ཚོའི་མི་ཡིན། 1983ལོར་རབ་ཏུ་བྱུང་། ལོ་དེར་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཞུགས། རྗེས་སུ་དགོན་པར་ལོག་ནས་མདོ་སྔགས་ཀྱི་བསྟན་བཅོས་ལ་སློབ་གཉེར་བྱས། 1989-1991ལོ་བར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱས། 2001-2004ལོའི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འགྲིམ་ནས་རབ་འབྱམས་པའི་སློབ་གནས་ཐོབ། 1994ལོ་ནས་བཟུང་ས་སྐྱ་དགོན་པ་དང་སི་ཁྲོན་སྡེ་དགེ་རྫོང་ཀུན་མཁྱེན་དགོན། མི་ཉག་ལྷུན་འགྲུབ་དགོན་བཅས་སུ་ཕུར་བ་རྡོ་རྗེ་སློབ་དཔོན་གྱི་འགན་བཞེས། 2008ལོ་ནས་བཟུང་། ས་སྐྱ་དགོན་པར་དགྱེས་པ་རྡོ་རྗེ་སློབ་དཔོན་གྱི་འགན་འཁུར། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ས་སྐྱ་དགོན་པའི་དམངས་བདག་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར་ཡོད། །


  • ལེ་ཚན་སྔོན་མ།:ཡོངས་འཛིན་འཚོལ་བཤེར་ལ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གྲུབ་འབྲས་དཔང་ཡིག་ཐོབ་པ།
  • ལེ་ཚན་རྗེས་མ།:སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་བདམས་ཐོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།