མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-03-09
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཀོང་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཚོགས་ཐོག་ཏུ་ལིས་ཞི་དང་མ་ཞིན་རོས། མ་ཧྭ་ཐིན། ཡོན་ཡུས་ཡུས། མུས་ཞོ་མེ་སོགས་འཐུས་མི་བརྒྱད་ཀྱིས་སྔ་གཞུག་ཏུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་མཉམ་འབྲེལ་དྲ་རྒྱའི་དཔལ་འབྱོར་འཕེལ་རྒྱས་ཁྱད་སྟོབས་འདོན་སྤེལ་བྱེད་པ། ཏང་འཛུགས་རིག་གནས་ཀྱིས་དམངས་གཉེར་ཁེ་ལས་རིག་གནས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ། དམག་དམངས་མཉམ་བསྲེས་བྱས་ཏེ་མགོ་ཁོངས་ཚན་རྩལ་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་པའི་ཞང་སྡེ་འཐབ་ཇུས་ལག་བསྟར་བྱེད་པ་སོགས་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན།
ཞི་ཅིན་ཕིང་གིས་ཡོན་ཡུས་ཡུས་ཀྱི་ཐོན་ལས་གསར་སྐྲུན་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་ལ། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་དང་པོ་ཡིན་པ་དང་གསར་སྐྲུན་ནི་སྒུལ་ཤུགས་དང་པོ་ཡིན། གསར་སྐྲུན་ཡར་སྐུལ་གྱི་བགྲོད་ལམ་དུ་མ་སྐྱོད་ན་གསར་རྙིང་སྒུལ་ནུས་བདེ་བླག་ངང་སྤོ་སྒྱུར་བྱེད་མི་ཐུབ་པ་དང་། ཀྲུང་གོ་སྟོབས་ལྡན་དུ་ཡོང་མི་སྲིད་ལ། སྟོབས་ལྡན་དུ་ཡོང་དགོས་ན་གསར་སྐྲུན་ལ་བརྟེན་དགོས་པ་དང་གསར་སྐྲུན་དེ་ཤེས་ལྡན་མི་སྣར་བརྟེན་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་རྩ་ཁྲིམས་ཀྱི་ནང་དོན་ཁ་ཤས་ལ་བཟོ་བཅོས་བྱས་པ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་རྒྱུན་འཁྱོངས་བྱེད་པའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྲུབ་པའི་གོ་རིམ་ཁྲོད་དུ་དམངས་གཙོ་འདོན་སྤེལ་གང་ལེགས་བྱས་པ་དང་ཕྱོགས་སོ་སོའི་བློ་གྲོས་གཅིག་སྡུད་བྱས་པར་མ་ཟད་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པར་བྱས་ཡོད་ཟེར།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀོང་ཏུང་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་མཁན་དང་སྔོན་ན་ལག་བསྟར་བྱེད་ས་དང་ཚོད་ལྟའི་ས་ཁུལ་ཡིན་པས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་སུ་ནུས་པ་གལ་ཆེན་བཏོན་ཟེར། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཀོང་ཏུང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཀོང་ཏུང་གི་བློ་མཐུན་རྣམས་ཀྱིས་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་། ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་དཀའ་སྤྱད་བརྩོན་ལེན་བྱས་ཏེ། ཀོང་ཏུང་གི་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་ཆགས་པར་བྱེད་པ། མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གསར་སྐྲུན་བྱས་ཏེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སྐྱོད་དགོས་པའི་ཐུགས་རེ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10