རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོག་འགོ་ཚུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-04

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོག་འགོ་ཚུགས་པ།

        ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྤྱི་ཟླ་3པའི་ཚེས་3ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཡོད་པ་རེད།
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་དགོས་པའི་ཨུ་ཡོན་2158ཡིན་པ་དང་། དོན་དངོས་ཐོག་ཨུ་ཡོན་2149ཕེབས་ཡོད་ཅིང་། གཏན་འབེབས་ཀྱི་མི་གྲངས་དང་མཐུན་གྱི་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ནས་ཚོགས་ཆེན་སྐོང་འཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།
        ཝང་ཡང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་ཡོད་པ་རེད།
        ཡུས་ཀྲེང་ཧྲེང་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་ཡོད་པ་རེད།
        ཡུས་ཀྲེང་ཧྲེང་གིས་སྙན་ཞུའི་ནང་ཕྱོགས་བརྒྱད་ཀྱི་ཐད་ནས་སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱི་ལས་དོན་ལ་ཕྱིར་མིག་བལྟས་ཡོད་པ་སྟེ། དང་པོ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དམ་པོར་བཟུང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། གཉིས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་གཞིགས་ཏེ། སྣ་ལྔ་གཞི་གཅིག་གི་སྤྱི་བཀོད་པར་གཅིག་གྱུར་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་ཐབས་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམིགས་ནས་སྲིད་དོན་གྲོས་མོལ་བྱས་པ། གསུམ་པ། མི་དམངས་ལྟེ་གནས་སུ་འཛིན་པའི་གོང་འཕེལ་བསམ་བློ་དོན་འཁྱོལ་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་དོན་དུ་ཐབས་འདོན་ཇུས་འབུལ་བྱས་པ། བཞི་པ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྤེལ་ལ་སྐུལ་འདེད་བཏང་སྟེ། སྲིད་དོན་གྲོས་མོལ་གྱི་རྣམ་པ་གསར་པ་ཆགས་པ། ལྔ་པ། དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ། དྲུག་པ། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་ངང་ལས་དོན་གང་ལེགས་བསྒྲུབས་པ། བདུན་པ། ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་རོལ་གྱི་ཁོར་ཡུག་ལེགས་པོ་སྐྲུན་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པ། བརྒྱད་པ། ཏང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གྲོས་ཀྱི་འགན་སྒྲུབ་ནུས་ཤུགས་དང་ཆུ་ཚད་མཐོ་རུ་བཏང་བ་བཅས་ཕྱོགས་བརྒྱད་ཀྱི་ཐོག་ནས་ཕྱོགས་བསྡོམས་གནང་ཡོད་པ་རེད།
        ཡུས་ཀྲེང་ཧྲེང་གིས་ད་དུང་སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་ལས་ཀའི་ཉམས་ལེན་གཙོ་བོ་ཁག་དྲུག་ཕྱོགས་བསྡོམས་གནང་ཡོད་དེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་ཆབ་སྲིད་ཀྱི་རྩ་དོན་ཡིན་པ་དང་གཅིག མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་རྨང་རྡོ་ལྟ་བུ་ཡིན་པ་དང་གཉིས། ལྟེ་བར་གཞིགས་པ་དང་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ཁུར་བའི་གཞི་རྩའི་བརྩི་སྲུང་ཞུ་ས་ཡིན་པ་དང་གསུམ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་སྒྲིག་འཛུགས་ཀྱི་ངོ་བོའི་བླང་བྱ་དང་མཚོན་རྟགས་རང་བཞིན་གྱི་ཁྱད་ཆོས་ཡིན་པ་དང་བཞི། རྒྱུན་འཛིན་ཁྲོད་གོང་འཕེལ་དང་། གོང་འཕེལ་ཁྲོད་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་འཛད་མཐའ་མེད་པའི་འགུལ་ཤུགས་ཡིན་པ་དང་ལྔ། སྲིད་གྲོས་ཨུ་ཡོན་གྱི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བཟང་ཆ་གནས་ས་དང་གསོན་ཤུགས་གནས་ཡུལ་ཡིན་པ་དང་དྲུག་བཅས་ཡིན་པ་རེད།
        ཡུས་ཀྲེང་ཧྲེང་གིས་ད་དུང་སླད་ཕྱིན་གྱི་ལས་དོན་ཐད་གྲོས་འགོ་ཁག་ལྔ་བཏོན་གནང་ཡོད།
        སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། དེ་བཞིན་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་དང་གསར་འགྱུར་དཔོན། ཕྱིར་སྡོད་རང་མིའི་སྤུན་ཟླ་སོགས་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུ་ཟུར་ཉན་གནང་བར་ཕེབས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཨུ་ཡོན་བགྲོད་ལམ་ཐོག་མར་བཙུགས་པ།
  • ལེ་ཚན་རྗེས་མ།:གོ་ལ་ཧྲིལ་པོའི་ས་བོན་མཛོད་ཁང་དུ་ལོ10ཉར་ཚགས་བྱས་པའི་མ་དཔེ་ཁྲི100ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།