ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུམ་ཅུ་བའི་གྲོས་ཚོགས་རབ་དང་རིམ་པ་གྲོལ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2018-01-31

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུམ་ཅུ་བའི་གྲོས་ཚོགས་རབ་དང་རིམ་པ་ཟླ་དང་པོའི་ཚེས་ཉེརར་དགུའི་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་གྲོལ།

གྲོས་ཚོགས་རབ་དང་རིམ་པའི་སྐབས་སུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་གླིང་གི་རུལ་སུངས་གནས་བབ་ལ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་ཐབས་བཏོན་པ་དང་། ཨ་ཧྥེ་རི་ཁ་གླིང་ཕྱོགས་གཅིག་གི་མཁའ་འགྲུལ་སྐྱེལ་འདྲེན་ཚོང་ར་དངོས་སུ་སྒོ་འབྱེད། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས།

གསར་དུ་འགན་ཁུར་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མེ་ཡིས་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ནས་ཆོད་དོན་གལ་ཆེན་འགའ་བཏོན་པ་དང་། དེ་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཀྱི་དུས་ཡུན་རིང་འབྲིང་ཐུང་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་གི་དར་རྒྱས་ལ་ཡར་སྐུལ་གཏོང་ཐུབ་ཟེར། ཁཱ་ཅཱ་མེ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་བྱ་སྤྱོད་དང་བསམ་ཚུལ་གཅིག་མཚུངས་ཡོང་བར་བྱེད་དགོས་ཟེར།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་མཚོན་ན་དགོས་གལ་ཆེ་བའི་ལས་འགན་ཞིག་ཡིན་པས། མི་རེ་རེས་སེམས་ཁུར་བྱེད་པའི་གནད་དོན་ཞིག་ཏུ་འགྱུར་དགོས་ཟེར། ཁོས་མཚམས་སྦྱོར་བྱས་དོན། སྐབས་འདིའི་མཐོ་རིམ་གྲོས་ཚོགས་ནས་གཙོ་བོ་ཨ་ཧྥེ་རི་ཁ་གླིང་གི་རང་དབང་ཉོ་ཚོང་ས་ཁུལ་དང་ཨ་ཧྥེ་རི་ཁ་གླིང་གི་མི་གྲངས་རང་དབང་འཁོར་རྒྱུག དེ་མིན་ཚོང་རྫས་ཀྱི་རང་དབང་འཁོར་རྒྱུག་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན་ཟེར།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་བོད་ཀྱི་ལོ་གསར་དགོང་ཚོགས།
  • དོ་སྣང་ཆེ་བའི་རྩོམ།