ངེད་གསར་འགོད་པ་ཨོ་རྒྱན་གྱིས་བྲིས། 2018-01-19
སྤྱི་ཟླ12པའི་ཚེས10ཉིན་ལ། ལི་ཐང་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་འགྲན་ཞུགས་བརྩམས་ཆོས་བསྡུ་བའི་དཔྱད་འདེམས་ཚོགས་འདུ་དེ་ཁྲེང་ཏུའུ་རུ་འཚོགས།
ཐེངས་འདིའི་སི་ཁྲོན་ལི་ཐང་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་འགྲན་ཞུགས་བརྩམས་ཆོས་བསྡུ་བའི་བྱེད་སྒོ་འདི་ནི་ཀྲུང་གུང་ལི་ཐང་རྫོང་ཨུ་དང་། ལི་ཐང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་དང་། ལི་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་སོགས་ཀྱིས་སྒྲུབ་འགན་ཁུར་བའི་སྙན་ངག་འགྲན་བསྡུར་གྱི་བྱེད་སྒོ་ཞིག་ཡིན། ༼ ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དང་མཇལ་བ༽ཞེས་པའི་ཁ་བྱང་ངམ་དེ་དང་འབྲེལ་ཡོད་ཀྱི་ཁ་བྱང་གཏན་ཁེལ་གྱིས་སྙན་ངག་འགྲན་བསྡུར་གྱི་དུས་ཆེན་ཞིག་ཡིན་ཞིང་། སྤྱི་ལོ2017ལོའི་ཟླ5པ་ནས་ཟླ10པའི་ཚེས31གི་བར་དུ་རྒྱལ་ཕྱི་ནང་གི་སྙན་ངག་པར་ཁ་གཏད་ནས་སྙན་ངག་འགྲན་ཞུགས་བརྩམས་ཆོས་བསྡུ་རུབ་བྱས་ཡོད་པ་རེད།
སྤྱི་ཟླ7པའི་ཚེས4ནས་ཚེས6གི་བར་དུ༼སྙན་ངག་པ་གྲགས་ཅན་ལི་ཐང་དུ་བསྐྱོད་པ༽ཞེས་པའི་ཁ་བྱང་གི་སྟེང་ནས་ཞིང་ཆེན་ཕྱི་ནང་གི་སྙན་ངག་པ50ལྷག་གདན་ཞུ་བྱས་ཤིང་མདོ་ཁམས་ལི་ཐང་ནས་སྙན་ངག་གི་རྣམ་ཤེས་འཚོལ་བའི་ཚོགས་ཆེན་འཚོགས། སྤྱི་ཟླ9པའི་ཚེས14ཉིན་ལ་སྙན་ངག་པ་གྲགས་ཅན་དང་། ཆེད་མཁས་པ་དུ་མས་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་འདི་ཉིད་ལ་ཞིབ་འཇུག་གྲོས་བསྡུར་དང་རིག་གཞུང་བརྗེ་རེས་ཀྱི་གྲོས་ཚོགས་འཚོགས།
སྔ་ཕྱིར་བོད་ཡིག་གི་ལམ་ནས་སྙན་ངག་གི་འགྲན་ཞུགས་བརྩམས་ཆོས73འཛོམས།
སྤྱི་ཟླ12པའི་ཚེས10ཉིན་ལ། ༼སྐར་མའི་སྙན་ངག་དུས་དེབ༽ཀྱི་གཙོ་སྒྲིག་པ་ཀུང་ཤའེ་མེན་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། བོད་ཀྱི་རྩོམ་རིག་གསར་པའི་དཔྱད་བརྗོད་པ་གྲགས་ཅན་བདེ་སྐྱིད་འཚོ། ༼གངས་དཀར་རི་བོ༽དུས་དེབ་ཀྱི་གཙོ་སྒྲིག་པ། སྙན་ངག་པ་གྲགས་ཅན་ནད་མེད་ཕུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། སྙན་ངག་པ་གྲགས་ཅན་དོན་གྲུབ་ཚེ་རིང་། རྩོམ་པ་པོ་གྲགས་ཅན་ཅོ་ནེ་ཡུམ་ཚེ་རིང་བཅས་ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་ཀྱི་དཔྱད་འདེམས་པར་གདན་དྲངས་ཤིང་། ཁོང་རྣམ་པས་འདྲ་མཉམ་དང་དྲང་བདེན། མངོན་གསལ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམས་བྱས་པར་བརྒྱུད། མཐར་ཨང་དང་པོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་གཅིག་དང་། ཨང་གཉིས་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་གསུམ། ཨང་གསུམ་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ལྔ། ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས་བཅུ་བཅས་ཁྱོན་བརྩམས་ཆོས་བཅུ་དགུ་བདམས་ཐོན་བྱུང་སྟེ། ལི་ཐང་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་ལས་བྱ་དགའ་ཐོབ་པའི་སྙན་ངག་བརྩམས་ཆོས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཚོགས་འདུ་ནས་ཐག་བཅད་བྱུང་བ་ལྟར་ན་ཐེངས་འདིའི་བྱ་དགའ་ཐོབ་པའི་སྙན་ངག་བརྩམས་ཆོས་དག༼ཁམས་པའི་ཚགས་པར༽དང༼གངས་དཀར་རི་བོ༽དུས་དེབ་གཉིས་ཀྱི་སྟེང་ནས་མུ་འགོད་བྱ་རྒྱུ་ཡིན་པར་མ་ཟད། སྙན་ངག་བརྩམས་ཆོས་དེ་དག་ཕྱོགས་བསྒྲིགས་ཀྱིས་ཚད་ལྡན་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱ་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10