སི་ཁྲོན་ཞིང་ཆེན་གྱིས་ལོ་ཧྲིལ་པོའི་དམངས་འཚོ་ལས་གྲྭའི་ལས་འགན་བཅུ་ཆ་དགུ་དང་ཡང་ན་ཚད་བརྒལ་ནས་གྲུབ།

གངས་སྐྱིད་ཀྱིས་བསྒྱུར།        2017-12-26

     ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གཏམ་གསར། ད་ལོར། སི་ཁྲོན་ཞིང་ཆེན་གྱིས་མུ་མཐུད་དེ་དམངས་འཚོའི་ལས་གྲྭ་བཅུ་དང་དམངས་འཚོའི་དོན་དངོས་ཚན་པ20ལག་ལེན་བསྟར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་དང་པོ་ནས11པའི་བར་ཞིང་ཆེན་ཡོངས་ཀྱིས་དམངས་འཚོའི་ལས་གྲྭ་བཅུ་དང་དམངས་འཚོའི་དོན་དངོས་ཚན་པ20གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་མཐར། ལོ་ཧྲིལ་པོར་དམངས་འཚོའི་ལས་གྲྭའི་ལས་འགན་བཅུ་ཆ་དགུ་དང་ཡང་ན་ཚད་བརྒལ་ནས་ལེགས་འགྲུབ་བྱུང་ཡོད་པ་རེད། དམངས་འཚོའི་ལས་གྲྭ་བཅུའི་ནང་ཡན་ལག་ཚན་ཁག51 ཚན་ཁག་ཆུང་ཆུང101དང་འབྲེལ་བ་ཡོད་པའི་ནང་ཚན་ཁག་ཆུང་ཆུང94ཡི་དམིགས་ཡུལ་ལས་འགན་ཚད་ལས་བརྒལ་ནས་གྲུབ་པ་རེད། ལས་གྲྭ་ཆུང་ཆུང7དེ་དམིགས་ཡུལ་ལས་འགན་གྱི་ཚད་བརྒལ་ནས་གྲུབ་ཡོད། དམངས་འཚོ་སྐོར་གྱི་དོན་དངོས་ཚན་པ20ཡི་ནང་དོན་དངོས་ཚན་པ18གྲུབ་པ་དང་ཚད་བརྒལ་ནས་གྲུབ་ཡོད། ལས་གྲྭ་ཚན་ཁག2དེ་གྲུབ་པ་དང་ཡང་ན་དམིགས་ཡུལ་ལས་འགན་གྱི་འཕེལ་རིམ་ལས་བརྒལ་ཡོད་པ་རེད།

     དམངས་འཚོ་ལས་གྲྭའི་ནང་ཟླ་བ་དང་པོ་ནས11པའི་བར་དམིགས་ཡུལ་ལས་འགན་གསར་དུ་གྲུབ་པ་དང་ཡང་ན་ཚད་ལས་བརྒལ་ནས་གྲུབ་པའི་ལས་གཞིའི་ནང་གསར་སྣོན་བྱུང་བའི་ལིང་གྲིབ་ནད་པ་དབུལ་པོ263ལ་གཤགས་བཅོས་བྱས་ཏེ་གཤགས་བཅོས་བྱས་པའི་ནད་པ1000ལ་ཟིན་པ་རེད། ཞིང་སྡེའི་དགེ་རྒན་གྱི་འཁོར་རྒྱུག་སྡོད་ཁང792གསར་དུ་བཀབ་སྟེ་སྡོད་ཁང་ཁྱོན་བསྡོམས10057ལ་ཟིན་པ་རེད། གསར་སྣོན་བྱུང་བའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ300ལ་ཁ་གསབ་རོགས་དངུལ་སྤྲད་དེ་ཁ་གསབ་རོགས་དངུལ་ཐོབ་པའི་སློབ་མ2128ལ་ཟིན་པ་རེད། གསར་སྣོན་བྱུང་བའི་དམངས་གཉེར་དང་གཞུང་གཉེར་རྒན་གསོ་ལས་ཁུངས་ཀྱི་ཉལ་ཁྲི4091ཡོད་པས་རྒན་གསོའི་ཉལ་ཁྲི53227ལ་ཟིན་པ་རེད། བོད་ཁུལ་གྱི་ཞིང་དུད907ལ་སྡོད་ཁང་གསར་པ་འགེབ་རོགས་བྱས་ཏེ་སྡོད་ཁང17377ལ་ཟིན་པ་རེད། ཞིང་སྡེའི་གྲུ་ཁའི་ཟམ་པ17གསར་དུ་ལས་ཏེ་ཟམ་པ93ལ་ཟིན་པ། གྲོང་ཚོ་རིམ་པའི་ཞིང་པའི་ལུས་རྩལ་ལུས་སྦྱོང་སྒྲིག་ཆས84བསྐྲུན་ནས1000ལ་ཟིན་ཡོད་པ་རེད།

     མ་དངུལ་ལག་ལེན་བསྟར་བའི་ཐད་ཞིང་ཆེན་སྲིད་གཞུང་གི་ལྟ་ཞིབ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་བྱས་དོན། ཟླ་བ11པའི་ཟླ་མཇུག་ཏུ་སླེབས་དུས་རིམ་པ་སོ་སོའི་ནོར་སྲིད་ཀྱིས་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར1359.1བཏང་སྟེ་འཆར་གཞི་བཀོད་སྒྲིག་ལས་བརྒྱ་ཆ117.4བཟུང་ཡོད་པ་རེད།། (གངས་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་2018ལོའི་ཟླ་དང་པོར་ཚོགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།