ཟླ་བ་ནོར་བུ། 2017-12-15
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གཏམ་གསར། ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱིས་ལོ3གྱི་དུས་ཚོད་སྤྱད་དེ2020ལོར་བསླེབ་ཚེ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཁྱིམ་ཚང་ཁྲི269.6གི་ས་ཕག་སྡོད་ཁང་རིགས་བགོས་ནས་ལེགས་བཅོས་བྱེད་གང་ཐུབ་བྱ་རྒྱུ་ཡིན་པ་དང་། དམིགས་སུ་བཀར་ནས་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་དང་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་། ཐར་ཐོར་དུ་གནས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་གྱི་དབུལ་པོའི་ཁྱིམ་ཚང་བཅས་ཀྱི་ས་ཕག་སྡོད་ཁང་ལེགས་བཅོས་བྱ་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་མུ་མཐུད་ནས་དབྱིས་རིགས་ཀྱི་གྲོང་སྡེ་གསར་པ་དང་། བོད་ཁུལ་གྱི་སྡོད་ཁང་གསར་པ། པ་ཧྲན་ས་ཁུལ་གྱི་སྡོད་ཁང་གསར་པ། ཨུ་མོག་ས་ཁུལ་གྱི་གྲོང་ཚོ་གསར་པ་འཛུགས་སྐྲུན་དང་ཞིང་སྡེའི་ཉེན་ཅན་གྱི་ཁང་པ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ཞིང་སྡེའི་དཔལ་འབྱོར་རྨང་གཞི་དང་། ས་ཁམས་དང་འགྲིམ་འགྲུལ་ཆ་རྐྱེན་གྱིས་ངན་རྐྱེན་ཐེབས་པས་སི་ཁྲོན་ལ་ཞིང་སྡེའི་ཁྱིམ་ཚང་ཁྲི269.6དེ་ད་རུང་ས་ཕག་གི་སྡོད་ཁང་དུ་བསྡད་ཡོད་ཅིང་། ས་ཕག་སྡོད་ཁང་འདི་དག་གི་ས་འགུལ་འགོག་ནུས་ཞན་པས་ཉེན་ཁ་ཆེན་པོ་ཡོད་པ་རེད། ཞིང་སྡེའི་ས་ཕག་གི་སྡོད་ཁང་ལེགས་བཅོས་བྱ་རྒྱུ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།
སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བྱ་རྒྱུར་སི་ཁྲོན་གྱིས་ས་ཞིང་བེད་སྤྱོད་བྱ་རྒྱུར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ས་ཞིང་སྣོན་འཕྲི་བྱ་རྒྱུ་དེ་འབྲེལ་ལམ་འཛུགས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ། གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་འཆར་འགོད་བྱེད་པའི་ཞིང་སྡེའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ས་ཕག་སྡོད་ཁང་ལེགས་བཅོས་བྱེད་པར་དངུལ་སྐྱི་བའི་སྐྱེད་ཀ་འོས་འཚམ་སྤྲོད་རོགས་བྱེད་པར་བསྔགས་སྐུལ་བྱས་ཏེ། ཞིང་སྡེའི་དཀའ་ངལ་ཡོད་པའི་ཞིང་དུད་ཀྱིས་ས་ཕག་སྡོད་ཁང་ལེགས་བཅོས་བྱེད་པའི་མ་གནས་དམའ་རུ་གཏང་རོགས་བྱ་རྒྱུ་རེད། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས2018ལོ་ནས2020ལོའི་བར་གྲོང་ཁྱེར་དང་རྫོང་ནོར་སྲིད་ཀྱི་ལོ་འཁོར་གྱི་དངོས་གནས་སྐྱེད་གསབ་བྱེད་ཚད་ཀྱི་བརྒྱ་ཆ50ཡི་ཚད་གཞི་ལྟར་གྲོང་ཁྱེར་དང་རྫོང་གི་ནོར་སྲིད་ལ་ཁ་གསབ་རོགས་དངུལ་སྤྲད་རྒྱུ་རེད།
སི་ཁྲོན་གྱིས《སི་ཁྲོན་ཞིང་ཆེན་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུའི་དོ་དམ་བྱེད་ཐབས》ལག་བསྟར་ནན་པོ་བྱ་དགོས་པའི་བླང་བྱ་བཏོན་ནས། ཞིང་སྡེའི་ས་ཕག་སྡོད་ཁང་ལེགས་བཅོས་བྱ་རྒྱུ་དེ་གཅིག་གྱུར་ལྟ་སྐུལ་དོ་དམ་ནང་དུ་འཇོག་རྒྱུ་རེད། སྡོད་ཁང་གསར་པ་སྐྲུན་པའི་རྩིག་རྨང་དང་གཙོ་བོའི་གྲུབ་ཆ། གྱང་ངོས་ཀྱི་ལས་གྲྭ། ས་འགུལ་འགོག་ནུས་གྲུབ་ཚུལ་དང་བྱེད་ཐབས་སོགས་གནད་འགག་ཐུག་སར་ལྟ་སྐུལ་དོ་དམ་བྱ་རྒྱུ། ལས་རིམ་དོ་དམ་དང་། འཛུགས་སྐྲུན་གྱི་རྒྱུ་ཆ་དོ་དམ་དང་ཚོད་འཛིན། ལས་གྲྭ་གྲུབ་ཟིན་རྗེས་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་པ་སོགས་ལ་གནད་འགག་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ནས་ས་ཕག་སྡོད་ཁང་ལེགས་བཅོས་བྱེད་པའི་སྤུས་ཚད་མཐོ་རུ་གཏང་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10