བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2017-12-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12ཚེས9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་ཏེ《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བསམ་འཆར་འགའ་ཞིག》ལག་བསྟར་དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས། མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་། ལྗོངས་སྒྲིག་ཨུད་ཀྱི་ལས་དོན་སྙན་སེང་གསན་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག2017ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས། མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་། ལྗོངས་སྒྲིག་ཨུད་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཏན་ཏིག་སྤེལ་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་རང་ངོས་འཛུགས་སྐྱོང་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བསྟན་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས། མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་། ལྗོངས་སྒྲིག་ཨུད་ཀྱིས《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“འདུ་ཤེས་བཞི”སྔར་བས་བརྟན་པོ་འཛུགས་པ་དང་ཏང་གི་དར་ཆ་དར་ཆར་བྱེད་པ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདུན་པ་འདུན་པར་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལས་དོན་ཁག་ཁྲོད་དོན་འཁྱོལ་ཏན་ཏིག་བྱེད་དགོས། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ་དང་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཆེ་ཤོས་དང་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གལ་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རང་རྟོགས་ངང་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་འཆར་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་དང་ངེས་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཡོངས་ལ་མཐུན་སྦྱོར་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི“གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག”བཅས་ཀྱི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་གཏིང་ཟབ་ལ་ཁ་གསལ་པོ་ཤེས་པ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་ཐུབ་པ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་བསམ་བློར་དངོས་སུ་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་བའི་འགོ་འཛུགས་ལོ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་བཅས་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས། མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ལྗོངས་སྒྲིག་ཨུད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པ་དང་། ལས་དོན་སྤེལ་བ། ནུས་པ་འདོན་སྤེལ་བཅས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས། མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་། ལྗོངས་སྒྲིག་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་ཐུབ་པ། སྣོད་བཅུད་ཁོར་ཡུག་བཟང་པོ་བཅས་འགན་ལེན་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མཚོན་པར་བྱེད་དགོས། ཏང་འཛུགས་སྐྱོང་གནས་བབ་ཨང་དང་པོར་བཞག་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། རང་རྟོགས་ངང་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ནས་ཏང་ཙུའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། །


  • ལེ་ཚན་སྔོན་མ།:གཟི་ཚ་སྡེ་དགུའི་གནོད་ཐེབས་མང་ཚོགས་ཀྱི་དགུན་བསྐྱལ་དངོས་ཟོག་ལ་འགན་སྲུང་ཡོད་པ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་སི་ཁྲོན་མཚོན་རྟགས་ཀྱི་ཚགས་པར་དང་དུས་དེབ་དཔྱད་འདེམས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།