སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་འབྲེལ་མཚམས་དེ་གཙང་གསུམ་སྲུང་སྐྱོང་ཁུལ་དུ་བསྡུ་དགོས་པའི་གྲོས་གཞི་བཏོན།

    གངས་ལྗོངས་ཉི་གཞོན་དྲ་བ།    2015-03-13

སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་ནི་གཙང་གསུམ་མགོ་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པས།སྐྱེ་ཁམས་འདྲ་མཉམ་བྱ་རྒྱུ་གལ་ཆེ་བས།དེ་ཉིད་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་བླངས་ན་འགྲིག་ཅེས་སྤྱི་ཟླ་3པའི་ཚེས་7ཉིན་གྱི་སྔ་དྲོར།མི་རིགས་སྡེ་ཁག་མཉམ་འབྲེལ་ཚོ་ཆུང་གི་གྲོས་མོལ་ཚོགས་འདུའི་ཐོག་ཏུ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོར་དབྱངས་ལྷ་མོས་དེ་ལྟར་བཤད།སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་དུ་ཞིང་ཆེན་གསུམ་གྱི་ཁུལ་ལྔ་དང་།རྫོང་དང་གྲོང་ཁྱེར་ཉེར་དྲུག་བཅས་འདུས་ཡོད།སྤྱིའི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་25དང་།མི་གྲངས་ཁྲི་177ཡས་མས་ཡོད།  ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ།རྡོར་དབྱངས་ལྷ་མོས《སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་གཅིག་གྱུར་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར།》ཞེས་པ་གྲ་སྒྲིག་བྱས་ཡོད།
རྡོར་དབྱངས་ལྷ་མོས་མཚེའུ་དང་བརླན་ས་ཇེ་ཆུང་དུ་སོང་སྟེ་ས་ཆ་མང་པོར་སྐམ་ཐན་བྱུང་བཞིན་ཡོད་ལ།ས་ཁུལ་སྐོར་ཞིག་བྱེ་ཐང་དུ་འགྱུར་བཞིན་ཡོད་པས།རྩི་ཤིང་ཇེ་ཉུང་དང་ས་ཆུ་ཤོར་ཏེ་ཐན་པ་ཆེན་པོ་བྱུང་བཞིན་ཡོད་ཅེས་བཤད།སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་དུ་སྐྱེ་ཁམས་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་དེ།དཔེར་ན།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ལྟ་བུར་མཚོན་ན།བྱེ་འགྱུར་དང་ཨ་བྲས་གནོད་འཚེ་ཐེབས་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་650ཡོད།ཀན་ལྷོ་ཁུལ་གྱི་རྩྭ་ཐང་བྱེ་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི་1200ལྷག་ཡོད་པ་རེད།
དེ་བས་རྡོར་དབྱངས་ལྷ་མོས།རྒྱལ་ཁབ་ཀྱིས་སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་གཅིག་གྱུར་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་ཁུལ་བཙུགས་ཏེ།དམིགས་བསལ་གྱིས་རྒྱབ་སྐྱོར་བྱས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་དྲག་ཏུ་གཏང་དགོས་པའི་བསམ་འཆར་བཏོན།།
  • ལེ་ཚན་སྔོན་མ།: གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པ་རེད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།