ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུ་དང་མཇལ་འཛོམས་གནང་བ།

        2017-11-08

       

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུ་དང་མཇལ་འཛོམས་གནང་བ།

        སྤྱི་ཟླ11པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུ་དང་མཇལ་འཛོམས་གནང་། ཞི་ཅིན་ཕིང་གིས་མེ་ཏེ་ཝེ་ཅེ་ཧྥུས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་རྗེས་འཕྲལ་མར་ཀྲུང་གོར་འཚམས་འདྲི་གནང་བར་དགའ་བསུ་ཞུས། 

        ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཡིན་པའི་ངོས་ནས། ཨུ་རུ་སུ་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་ཐོབ་ཀྱི་ཁ་ཕྱོགས་ཡིན། ཀྲུང་གོས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཏུ་གཏོང་བའི་དམིགས་འབེན་གསལ་པོ་དང་ཆོད་སེམས་བརྟན་པོར་འགྱུར་བ་བཏང་མེད། ང་ཚོས་ཨུ་རུ་སུའི་ཕྱོགས་དང་ལྷན་དུ། རྒྱལ་སྤྱིའི་བྱ་དོན་ནང་མཉམ་ལས་དམ་ཟབ་བྱེད་རྒྱུ་ཚུད་པའི་ཁྱབ་ཁོངས་ཁག་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་འགོ་འཛུགས་ས་གསར་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱས་ནས། མཉམ་ལས་ཀྱི་རྣམ་པ་གསར་པ་མངོན་ཐུབ་པ་དང་། ང་ཚོའི་མཉམ་ལས་ལ་གཡུར་ཟའི་འབྲས་བུ་འདོགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས། 
       ཞི་ཅིན་ཕིང་གིས་ཀྲུང་ཨུ་གཉིས་པོས་ཙུང་ལིའི་དུས་བཀག་གྲོས་མོལ་སྒྲིག་གཞིའི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནུས་པའི་འབྱུང་ཁུངས་དང་། གོ་མཚོན་བཟོ་སྐྲུན། ཞིང་ལས། མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་མཉམ་ལས་ནང་གི་ཚན་རྩལ་གསར་གཏོད་ཀྱི་འདུས་ཚད་གསར་པ་མུ་མཐུད་མཐོ་རུ་གཏོང་བ། གྲངས་གཞི་ཆེན་པོ་དང་། ཟོག་འབྲེལ་དྲ་རྒྱ། རིག་སྟོབས་གྲོང་ཁྱེར་སོགས་གྲངས་གཞིའི་དཔལ་འབྱོར་ཁྱབ་ཁོངས་དེ་མཉམ་ལས་ཀྱི་འཕར་གནས་གསར་པར་འཇོག་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་ཡག་པོ་བྱས་ནས། འབད་བརྩོན་ཆེན་པོས་མཚོ་འགྲམ་རྒྱལ་སྤྱིའི་སྐྱེལ་འདྲེན་འཁྱམས་ར་སོགས་ཀྱི་རྣམ་གྲངས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུང་མོང་ཐོག་བྱང་སྣེའི་གྲུ་ལམ་གསར་སྤེལ་དང་བེད་སྤྱོད་མཉམ་ལས་བྱས་ཏེ། འཁྱགས་ཐོག་དར་གོས་ལམ་སྐྲུན་དགོས། ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོ་དང་། ཡུལ་སྐོར། སྨྱན་སྦྱོར་སོགས་མི་ཆོས་རིག་གནས་མཉམ་ལས་ཐད་མཐོ་རླབས་ཡང་ཡང་འཕྱུར་བ་དང་། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་པོས་མུ་མཐུད་ནས་རྒྱལ་ཁབ་ཀྱི་བརྗོད་དོན་གཙོ་བོའི་ལོའི་བྱེད་སྒོ་ཆེ་གྲས་ཡག་པོ་གཉེར་ནས། རྒྱལ་ཁབ་གཉིས་པོའི་ས་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན། 
       མེ་ཏེ་ཝེ་ཅེ་ཧྥུ་ཡིས་ཨུ་རུའི་སུའི་ཙུང་ཐུང་ཕུ་ཅིན་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་ཞུས་པ་དང་། ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས། མེ་ཏེ་ཝེ་ཅེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོ་སྤྱི་ཟླ་7པའི་ནང་ཨུ་རུ་སུར་ལེགས་གྲུབ་ལྡན་པའི་འཚམས་འདྲི་གནང་རྗེས། ཨུ་ཀྲུང་ཕྱོགས་གཉིས་པོའི་དཔལ་འབྱོར་དང་། ནུས་པའི་འབྱུང་ཁུངས། མ་འཇོག གསར་གཏོད། མི་ཆོས་རིག་གནས། ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འབྲེལ་མཐུད་བྱེད་རྒྱུ་སོགས་ཀྱི་ཁྱབ་ཁོངས་ནང་གོང་འཕེལ་ཆེན་པོ་ཕྱིན་ཡོད། ཨུ་རུ་སུའི་ཕྱོགས་ནས་དོན་དེར་བློ་ཡིད་ཚིམས་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་མུ་མཐུད་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་དམ་ཟབ་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་བྱ་དོན་ནང་གི་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།།

 


  • ལེ་ཚན་སྔོན་མ།:《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གི་གྲངས་ཉུང་མི་རིགས་ཡི་གེའི་དེབ་རྐྱང་པ་དཔེ་སྐྲུན་བྱས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཡིག་རིས་རིག་དངོས་ཉམས་གསོའི་མཁོ་ཆོད་དཔེ་དེབ་ཐོག་མ་དེ་དཔེ་སྐྲུན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།