ལི་ཁེ་ཆང་གིས་སྔར་ལས་ལྷག་པར་ཡུན་ནན་གྱི་འགུལ་འགོག་གནོད་སེལ་གྱི་ལས་ཀ་ཡག་པོ་སྤེལ་བར་བཀོད་སྒྲིག་གནང་།

གངས་སྐྱིད་ཀྱིས་བསྒྱུར།        2014-08-11

ཟླ་བ8པའི་ཚེས4ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་ས་འགུལ་བྱུང་ནས་འགུལ་སྐྱོན་ཚབས་ཆེན་ཐེབས་པའི་ལུའུ་ཐའོ་ཧྲན་གྲོང་རྡལ་དུ་ཕེབས་ཏེ་འགུལ་སྐྱོན་ཐེབས་ཚུལ་ལ་གཟིགས་ཞིབ་གནང་བ་དང་།  གྲོང་རྡལ་སློབ་འབྲིང་གི་ལུས་རྩལ་ཐང་ཆེན་ཐོག་ཕུབ་པའི་གུར་ནང་ལས་ཡུལ་དངོས་ཀྱི་གྲོས་ཚོགས་འཚོགས་ཏེ་འགུལ་འགོག་གནོད་སེལ་བྱེད་པར་འཕྲད་པའི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་གནང་ཡོད།      ལི་ཁེ་ཆང་གིས་ཕྱིན་ཆད་སྔར་ལས་ལྷག་པར་འགུལ་འགོག་གནོད་སེལ་གྱི་ལས་ཀ་ཡག་པོ་སྤེལ་བར་ཐུགས་རེ་འགའ་གནང་པ་སྟེ།  གཅིག་ནི་ཆེད་ལས་ཀྱི་འཚོལ་ཉུལ་ནུས་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་འགུལ་སྐྱོན་བབ་བསྟུན་མྱུར་སྐྱོབ་བྱེད་མཁན་རུ་ཁག་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ས་ཁུལ་དུ་མངགས་ཏེ་ཕན་ནུས་ལྡན་པའི་སྒོས་རྨས་སྐྱོན་ཐེབས་པའི་མི་སྣར་འཚོལ་ཉུལ་བྱེད་དགོས།  གཉིས་ནི་གནོད་སྐྱོན་ཐེབས་ཁུལ་གྱི་རྨས་སྐྱོན་ཐེབས་པའི་མི་སྣ་མང་ཙམ་དང་སྨན་བཅོས་དང་སྐྱོབ་བཅོས་བྱ་རྒྱུའི་ཆ་རྐྱེན་མི་འདང་བའི་གནས་ཚུལ་དང་བསྟུན་ནས་ཉམས་མྱོང་ཡོད་པའི་སྨན་པ་མང་པོ་བཀུགས་ནས་གནོད་ཐེབས་ས་ཁུལ་དུ་སྨན་བཅོས་བྱེད་མངག་དགོས་པ་དང་།  དུས་མཚུངས་སུ་རྨས་སྐྱོན་ཚབས་ཆེན་ཐེབས་པའི་མི་སྣ་གནས་སྤོ་སྨན་བཅོས་བྱས་ཏེ་རྨས་སྐྱོན་ཐེབས་ཚད་དང་ཤི་ཚད་ཆག་གང་ཐུབ་བྱེད་དགོས།  གསུམ་ནི་སྲོག་སྐྱོབ་ཀྱི་བགྲོད་ལམ་གཤོང་གང་ཐུབ་བྱེད་དགོས་དང་། དམག་དཔུང་སོགས་ཕྱོགས་གང་ཐད་ཀྱི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་གནོད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་དགོས་པ་དང་།མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བར་ཁག་ཐེག་བྱེད་དགོས།  བཞི་ནི་ཆེད་ལས་ནུས་ཤུགས་སྒྲིག་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་དུ་རིམས་འགོག་ལས་ཀ་སྤེལ་མངགས་ཏེ་གནོད་སྐྱོན་ཐེབས་ཁུལ་དུ་རིགས་ནད་མ་བྱུང་སྔོན་འགོག་བྱེད་དགོས།  ལྔ་ནི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་།  མང་ཚོགས་རང་ཉིད་ཀྱིས་གནས་སྐབས་ཀྱི་འཚོ་བ་སྐྱེལ་བར་སྐུལ་མ་གཏོང་དགོས། དྲུག་ནི་ས་གནས་སྲིད་གཞུང་གིས་འགུལ་འགོག་གནོད་སེལ་གྱི་ལས་ཀར་གཅིག་འགྱུར་བཀོད་འདོམས་བྱེད་དགོས་པ་དང་།  དམག་དཔུང་དང་ས་གནས་ཀྱི་གནོད་སྐྱོབ་ནུས་ཤུགས་བར་མཐུན་སྦྱོར་ཡག་པོ་བྱེད་དགོས་པ་བཅས་རེད།  ལི་ཁེ་ཆང་གིས་གནོད་སྐྱོན་ཐེབས་ཁུལ་གྱི་གནོད་སྐྱོབ་དངོས་རྫས་འགན་ལེན་བྱེད་ཐུབ་ཡོད་མེད་ལ་ཧ་ཅང་ཐུགས་ཁུར་གནང་ཞིང་།  ཚེས4ཉིན་གྱི་ཕྱི་དྲོར་ཁོང་ལུའུ་ཏེན་རྫོང་དམངས་སྲིད་ཅུས་སུ་ཕེབས་ཏེ་མཛོད་ཁང་ནང་གི་གནོད་སྐྱོབ་དངོས་རྫས་གསོག་འཇོག་དང་བགོ་སྤྲོད་བྱེད་ཚུལ་སོགས་ལ་གཟིགས་ཞིབ་གནང་བ་རེད།     ཚེས5ཉིན་གྱི་ཞོགས་པར་སྔ་མོར་ལི་ཁེ་ཆང་ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་མི་དམངས་སྨན་ཁང་དུ་ཕེབས་ཏེ་དེར་སྨན་བཅོས་བྱེད་བཞིན་པའི་རྨས་མ་དང་སྨན་བཅོས་བྱེད་མཁན་མི་སྣར་འཚམས་འདྲི་གནང་བ་དང་།  ས་འགུལ་ནང་རྨས་སྐྱོན་ཐེབས་པའི་རྨས་མ་རྣམས་ཀྱི་སྨན་ཡོན་ཚང་མ་ནི་སྲིད་གཞུང་གིས་སྤྲོད་རོགས་བྱས་ཏེ་རྨས་མ་ཚང་མར་སྨན་བཅོས་ཡག་པོ་ཐོབ་འཇུག་རྒྱུ་ཡིན་པ་ཞེས་གསུངས།
  • ལེ་ཚན་སྔོན་མ།:2014ལོའི་རྒྱལ་རྩེའི་མདའ་དམག་དུས་ཆེན་སྤྱི་ཟླ8པའི་ཚེས15ཉིན་སྤེལ་རྒྱུ་ཡིན།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱིས་ནུས་ཤུགས་ཡོད་དགུས་ཡུན་ནན་གྱི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་གྱིས་འགུལ་འགོག་གནོད་སེལ་གྱི་ལས་ཀ་ཁག་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།