རང་རྒྱལ་ལ་བསྡོམས་པས་མི་རིགས་སྨན་ཁང91ཡོད།
( ལྷ་འཛོམས་ཀྱིས་བསྒྱུར།) 2010-11-18
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ11པའི་ཚེས14ཉིན་འབྱོར་བའི་གཏམ་གསར།རང་རྒྱལ་དུ་མིག་སྔར་བསྡོམས་པས་མི་རིགས་སྨན་ཁང191ཡོད་ཅིང་།འདི་ནི་རང་རྒྱལ་གྱི་མི་རིགས་སྨན་བཅོས་ཞབས་འདེགས་མ་ལག་སྔར་ལྷག་གིས་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པར་མཚོན་པ་ཞིག་རེད།འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ།རྒྱལ་ཁབ་རྒྱ་སྨན་སྨན་བཅོས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་གིས་ཚེས14ཉིན་ཀྲུང་གོའི་མི་རིགས་ཀྱི་སྨན་དང་སྨན་བཅོས་སློབ་ཚོགས་ཀྱི་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་འདི་ལྟར་བཤད་པ་རེད།
དུས་མཚུངས་སུ་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་ཆད་གྱི་གཙོ་གནད་ཀྱི་རྒྱ་སྨན་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ནང་མི་རིགས་ཀྱི་སྨན་དང་སྨན་ཁང་དེ་རྣམ་གྲངས་ཁྱབ་ཁོངས་ནང་འཇུག་རྒྱུར་དོ་སྣང་བྱས་པ་རེད།མིག་སྔར་རྒྱལ་ཁབ་ཀྱི་རྒྱ་སྨན་ནད་ཐོག་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་སྡེ་ཚན་གཅིག་གཏན་ཁེལ་བྱས་པ་དང་།ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་ཆད་ཀྱི་གཙོ་གནད་རྒྱ་སྨན་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ནང་བཞག་པའི་མི་རིགས་སྨན་དང་སྨན་ཁང28ཡོད་པ།རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར2.5ལ་ཉེ་བ་ཞིག་བརྒྱབ་ཡོད།ཞིང་སྡེའི་འཕྲོད་བསྟེན་ཞབས་འདེགས་མ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་འཆར་འགོད་ནང་བཞག་པའི་རྫོང་རིམ་པའི་མི་རིགས་ཀྱི་སྨན་དང་སྨན་ཁང67ཡོད་པ་དང་རྒྱལ་ཁབ་ཀྱི་སྒོར་དུང་ཕྱུར2.1ལ་ཉེ་བ་ཞིག་བརྒྱབ་ཡོད།གཞན་ཡང་མི་རིགས་སྨན་དང་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན(ཆེད་ནད)འཛུགས་སྐྲུན་བྱས་པ།མིག་སྔར་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན35གཏན་ཁེལ་བྱས་ནས་རྣམ་གྲངས་རེར་འཛུགས་སྐྲུན་གྲོན་དངུལ་སྒོར་ཁྲི50སྦྱིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།2009ལོའི་ལོ་མཇུག་ལ་སླེབས་དུས་བོད་དང་སོག་པོ།ཡུ་གུར་།ཏའེ།ཀྲོང།ཁྲའོ་ཞན།མིའོ།ཡའོ།ཧུའེ་།དབྱིས་།ཧོར།པུའུ་དབྱི།ཏུང།ཧ་སག།ཆའང་བཅས་མི་རིགས15ལ་རང་མི་རིགས་ཉིད་ཀྱི་སྨན་དང་སྨན་བཅོས་ཀྱི་སྨན་ཁང་བཙུགས་ཡོད།རྒྱལ་ཡོངས་སུ་བསྡོམས་པས་མི་རིགས་ཀྱི་སྨན་དང་སྨན་ཁང191ཡོད་པ་དང་སྨན་ཁང་ཉལ་ཁྲི8649ཡོད་པ།གཞན་ཡང་མི་རིགས་ས་ཁུལ་གྱི་ཕྱོགས་བསྡུས་སྨན་ཁང་ཕལ་ཆེར་ལ་མི་རིགས་ཀྱི་སྨན་དང་སྨན་བཅོས་ཚན་ཁང་བཙུགས་ཡོད་པ་རེད།